
༄༅། །སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་ལྷ་རོང་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༧ པའི་ཚེས་ ༢༨ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་ཁུལ་ལ་གཞུང་འབྲེལ་འཚམས་གཟིགས་གནང་འགོ་བཙུགས་ཡོད།

དེ་ཡང་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༧ པའི་ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་གྱིས་སྣེ་ལེན་ཐོག ལྡི་ལི་བོད་ཁྱིམ་ཉིན་སློབ་ཏུ་འཚམས་གཟིགས་སུ་ཕེབས་པ་དང་། སྐབས་དེར་སློབ་གྲྭའི་ནང་འཛིན་རིམ་རྒན་པའི་ཡིག་རྒྱུགས་འགྲོ་བཞིན་པར་གཟིགས་ཞིབ་དང་། དེ་རྗེས་བུ་བཅོལ་ཁང་དང་། སྔོན་འགྲོའི་སློབ་གྲྭ་ཁག་གསུམ་བཅས་ལ་གཟིགས་སྐོར་ཕེབས་སྐབས། སློབ་སྤྱི་མིག་དམར་ཚེ་རིང་ལགས་ཀྱིས་ཕེབས་བསུའི་སྣེ་ལེན་དང་འབྲེལ་སློབ་གྲྭའི་གནས་སྟངས་སྐོར་ངོ་སྤྲོད་དང་། དེ་བཞིན་སྤྱི་འཐུས་རྣམ་གཉིས་ཀྱིས་སློབ་གྲྭའི་མ་འོངས་ལས་དོན་བྱེད་ཕྱོགས་ཐོག་ལ་ལམ་སྟོན་གནང་འདུག

དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག ལྡི་ལི་འཕགས་བོད་འབྲེལ་མཐུད་ལས་ཁུངས་སུ་འཚམས་གཟིགས་ཕེབས་སྐབས། དེ་གའི་འབྲེལ་ཡོད་ལས་བྱེད་རྣམ་པས་སྣེ་ལེན་ཞུས་རྗེས། སྤྱི་འཐུས་རྣམ་གཉིས་ནས་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་ད་ལྟའི་ལས་དོན་ཐོག་རྒྱུས་ལོན་དང་ཆབས་ཅིག མ་འོངས་པར་ལས་དོན་བྱེད་ཕྱོགས་ཀྱི་ལམ་སྟོན་དང་དགོངས་ཚུལ་ཕུལ་འདུག་པ་དང་། དེ་རྗེས་ཆུ་ཚོད་ ༡༡།༣༠ ཐོག་ལྡི་ལི་བོད་ཁང་དུ་ཕེབས་ཤིང་། སྐབས་དེར་དེ་གའི་དྲུང་ཆེ་ཡིས་དབུས་པའི་ལས་བྱེད་རྣམ་པས་ཕེབས་བསུ་སྣེ་ལེན་དང་འབྲེལ། དྲུང་ཆེ་ནས་ལྡི་ལི་བོད་ཁང་གི་ལས་དོན་སྐོར་སྙན་སེང་དང་། དེ་བཞིན་སྤྱི་འཐུས་རྣམ་གཉིས་ནས་ལྡི་ལི་བོད་ཁང་གི་ད་བར་གྱི་ལས་དོན་གནང་ཕྱོགས་སྤྱི་དང་། ལྷག་པར་དུ་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་ནང་ཆོས་ངོ་སྤྲོད་སོགས་དང་འབྲེལ་བའི་ཕྱག་ལས་གནང་བཞིན་པ་དེ་དག་ཧ་ཅང་གི་རླབས་ཆེན་པོ་ཡིན་པ་མ་ཟད། མ་འོངས་པར་ཡང་མུ་མཐུད་མཇུག་སྐྱོང་དགོས་པའི་ལམ་སྟོན་གནང་རྗེས། དེ་གའི་འགྲེམས་སྟོན་དང་། སློབ་ཁང་བཅས་ཚང་མར་གཟིགས་སྐོར་ཕེབས་ཡོད་འདུག

དེ་རྗེས་སྤྱི་འཐུས་རྣམ་པ་གཉིས་ལྡི་ལི་ནི་ཛཱམ་མུ་ཌིན་སྨན་རྩིས་ཁང་ལ་འཚམས་གཟིགས་སུ་ཕེབས་པ་དང་། སྐབས་དེར་དེ་གའི་དྲུང་ཆེ་ཡིས་སྣེ་ལེན་དང་སྦྲགས། ནི་ཛཱམ་མུ་ཌིན་སྨན་རྩིས་ཁང་གི་ལས་དོན་སྤྱི་དང་ད་ལྟ་འགྲོ་བཞིན་པའི་ལས་འཆར་སྐོར་ངོ་སྤྲོད་གནང་རྗེས། སྨན་སྤྲོད་ཁང་དང་། རྒྱ་གར་གྱི་ནད་པ་སྨན་རྩིས་ཁང་དུ་ཕེབས་བཞིན་པར་གཟིགས་ཞིབ་བཅས་གནང་གྲུབ་མཚམས། ལྡི་ལི་བོད་སྒར་བསམ་ཡས་གླིང་ལ་ཕེབས་ཏེ། ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསོད་ནམས་ཚེ་དབང་ལགས་དང་། TCV བོད་ཁྱིམ་སློབ་ཟུར་ཚོགས་པའི་ཚོགས་གཙོ་སྤེན་པ་ཚེ་རིང་ལགས། མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་ཟུར་ཚོགས་པའི་ཚོགས་གཙོ་འཇིགས་མེད་ལགས་བཅས་དང་ལྷན་ཐུག་འཕྲད་གནང་སྟེ། ཁོང་རྣམ་པས་ད་བར་གྱི་ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་དང་། མ་འོངས་པར་གཞོན་སྐྱེས་ཚོས་སྣེ་ཁྲིད་དེ་བོད་དོན་འཐབ་རྩོད་ཐོག་ལས་འགུལ་སྤེལ་ཕྱོགས་སྐོར་ལ་བཀའ་བསྡུར་དང་བགྲོ་གླེང་ལྷུགས་པོ་གནང་ཡོད་འདུག

ཕྱི་ཟླ་ ༧ པའི་ཚེས་ ༢༩ ཉིན་གྱི་སྔ་དྲོ་ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་གྱིས་སྣེ་ལེན་ཐོག བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་ལྡི་ལི་ཤེས་རིག་པར་ཁང་ལ་འཚམས་གཟིགས་སུ་ཕེབས་པ་དང་། སྐབས་དེར་ཤེས་རིག་པར་ཁང་གི་འགན་འཛིན་ཚེ་དབང་ནོར་བུ་ལགས་ཀྱིས་གཙོས་པའི་ལས་བྱེད་རྣམ་པས་སྣེ་ལེན་ཕེབས་བསུ་དང་གསོལ་ཇ་བཞེས་ཏོག་འདེགས་འབུལ་དང་འབྲེལ། ཤེས་རིག་པར་ཁང་གི་ལས་བསྡོམས་སྐོར་ངོ་སྤྲོད་སྙན་སེང་དང་། དེ་བཞིན་སྤྱི་འཐུས་རྣམ་གཉིས་ནས་མ་འོངས་པར་ཤེས་རིག་པར་ཁང་གི་ལས་དོན་གནང་ཕྱོགས་སྐོར་ལ་ལམ་སྟོན་གནང་རྗེས། ཤེས་རིག་པར་ཁང་གི་སྡེ་ཚན་ཁག་ལ་གཟིགས་སྐོར་ཕེབས་པ་དང་། དེ་རྗེས་ལྡི་ལི་འབྲས་སྤུངས་བློ་གསལ་གླིང་བྱང་ཆུབ་ཆོས་གླིང་དུ་འཚམས་གཟིགས་ཕེབས་སྐབས། དེ་གའི་ཕྱག་མཛོད་དང་། དགེ་འདུན་པ་རྣམ་པས་ཕེབས་བསུ་དང་འབྲེལ། ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་གནང་འདུག

ཉིན་རྒྱབ་སྤྱི་འཐུས་རྣམ་པ་གཉིས་ལ་དྭགས་རྡ་རམ་ས་ལར་ (ལ་དྭགས་བྷུ་ཊ་ཝི་ཧར་) གཟིགས་སྐོར་ཕེབས་ཤིང་། དེའི་སྐབས་ལ་དྭགས་རྡ་རམ་ས་ལའི་བརྒྱ་དཔོན་རྣམ་པ་དང་། ལྡི་ལི་སྣེ་ལེན་ཁང་གི་འགན་འཛིན་ཀུན་བཟང་བདེ་སྐྱིད་ལགས། ལམ་ཟུར་ཁྲོམ་སྟོན་ཚོགས་པའི་ཚོགས་གཙོ་དང་ཚོང་ཁང་ཚོགས་པའི་ཚོགས་གཙོ་རྣམ་གཉིས་ཀྱིས་གཙོས་པའི་ཚོགས་མི་རྣམ་པ་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་དང་འབྲེལ། རྒྱུད་སྨད་གསོལ་མགྲོན་ཁང་དུ་གསོལ་ཚིགས་གོ་སྒྲིག་ཞུས་པའི་ཐོག་ཆེད་ཕེབས་གནང་རྗེས། ལྡི་ལི་སྣེ་ལེན་ཁང་ལ་གཟིགས་སྐོར་ཕེབས་པ་དང་། དེ་གའི་འགན་འཛིན་ངོས་ནས་ལྡི་ལི་སྣེ་ལེན་ཁང་གི་ལས་དོན་སྐོར་སྙན་སེང་ཞུས་འདུག

དེ་ནས་བརྒྱ་དཔོན་རྣམ་པ་དང་། ལམ་ཟུར་ཁྲོམ་སྟོན་ཚོགས་པ་དང་ཚོང་ཁང་ཚོགས་པ་གཉིས་ཀྱི་ཚོགས་གཙོ་དབུས་པའི་ཚོགས་མི་རྣམས་དང་ལྷན། ལ་དྭགས་བྷུ་ཊ་ཝི་ཧར་ས་གནས་མི་མང་གི་བདེ་སྡུག་དང་འབྲེལ་བའི་ཐོག་བསམ་ཚུལ་བསྡུ་ལེན་དང་། སྤྱི་འཐུས་རྣམ་གཉིས་ནས་ལམ་སྟོན་ཞུ་སྒོ་ཁག་ཞུས་གནང་འདུག

གཞན་ཡང་སྤྱི་འཐུས་རྣམ་གཉིས་ནས་དེ་གའི་རྒྱུད་སྟོད་སྒྲོལ་མ་ལྷ་ཁང་དང་། ལ་དྭགས་དགོན་པ། ལམ་ཟུར་ཁྲོམ་གཞུང་བཅས་ལ་འཚམས་གཟིགས་ཕེབས་འདུག་པ་བཅས།




