༄༅། །བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ནས་རྒྱ་གར་བྱང་ཤར་ནུབ་བྷེང་གྷལ་མངའ་སྡེའི་ནང་གི་བོད་མིའི་འདུ་སྡོད་གཞིས་ཆགས་དང་། ཁྱབ་ཁོངས་ས་གནས་ཁག་ལ་ཕྱི་ལོ་ ༢༠༢༥ ཟླ་ ༥ པའི་ཚེས་ ༢༡ ནས་ ༢༤ བར་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་དང་། ཕྱི་ཚེས་ ༢༤ ཉིན་མཐའ་མའི་སྐབས་རྒྱ་གར་བྱང་ཤར་ཁ་འཐོར་བོད་མིའི་ས་གནས་ཁག་ཅིག་གི་བོད་མི་རྣམས་ཐུག་འཕྲད་དང་། སུ་ཁེའི་ཀིརྟི་དགོན་པ་དང་། འབོ་དཀར་ངེས་དོན་ཆོས་འཁོར་གླིང་དགོན་པ་བཅས་གཉིས་ལ་མཆོད་མཇལ་ཞུས་གནང་འདུག
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ནས་ཁར་ཤང་དང་། བསུ་ན་མདའ་བཀྲ་ཤིས་གླིང་། རྡོར་གླིང་གཞིས་ཆགས་བཅས་ཀྱི་ལས་རིམ་ཁག་རིམ་པས་གྲུབ་རྗེས། ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་རྡོར་གླིང་ས་གནས་འགོ་འཛིན་དང་། དེ་བཞིན་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ས་གནས་བུད་མེད་ལྷན་ཚོགས་བཅས་ཀྱི་རྒྱུན་ལས་རྣམ་པས་ཕེབས་སྐྱེལ་དང་སྦྲགས། སུ་ཁེའི་ཀིརྟི་དགོན་པར་གནས་གཟིགས་སུ་ཕེབས་ཤིང་།
སྐབས་དེར་དགོན་པའི་ཕྱག་མཛོད་དང་། ཁ་འཐོར་ས་གནས་མི་མང་ནས་ཕེབས་བསུ་སྣེ་ལེན་ཞུས་རྗེས། སུ་ཁེའི་ཀིརྟི་དགོན་པར་མཆོད་མཇལ་དང་། དེ་རྗེས་ས་གནས་སུ་ཁེ་ཡ་དང་། ཅི་ཏེ་རི་དང་། མ་ཎི་བྷན་ཇང་། སྤོག་རེ་སྤོང་། པ་ཤུ་པ་ཏི་བཅས་ཀྱི་ཁ་འཐོར་བོད་པའི་མི་མང་རྣམས་ལ་གསུང་བཤད་གནང་ཡོད།
དེ་ནས་སྤྱི་འཐུས་རྣམ་པ་གཉིས་འབོ་དཀར་ངེས་དོན་ཆོས་འཁོར་གླིང་དགོན་པར་ཕེབས་པ་དང་། དགོན་པའི་ཕྱག་མཛོད་ནས་སྣེ་ལེན་ཐོག་མཆོད་མཇལ་དང་། དགོན་པའི་སློབ་གྲྭར་གཟིགས་སྐོར་བཅས་གནང་རྗེས་ཐེངས་འདིའི་རྒྱ་གར་བྱང་ཤར་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་ཀྱིས། ཕྱི་ཚེས་ ༢༥ ཉིན་ཤི་ལི་གྷུ་རི་ནས་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་དང་། དེ་རིང་ཕྱི་ཚེས་ ༢༧ ཉིན་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་བྱུང་ཡོད་པ་བཅས།