༄༅། །བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༥ པའི་ཚེས་ ༢༣ ཉིན་རྒྱ་གར་བྱང་ཤར་རྡོར་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ནས་ཁར་ཤང་དང་། བསུ་ན་མདའ་བཀྲ་ཤིས་གླིང་གཞིས་ཆགས་ཀྱི་ལས་རིམ་ཁག་གྲུབ་རྗེས། ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་རྡོར་གླིང་ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས་དང་། རྡོར་གླིང་ས་འགོ་ལས་ཁུངས་གསར་རྒྱག་གི་ལས་གཞི་བཅས་ལ་གཟིགས་སྐོར་དང་། རྙིང་དགོན་ཕུན་ཚོགས་པདྨ་ཆོས་འཁོར་གླིང་དུ་མཆོད་མཇལ་བཅས་གནང་བ་དང་།
དེ་རྗེས་རྡོར་གླིང་རང་འཚོ་བཟོ་གྲྭར་གཟིགས་སྐོར་ཕེབས་ཤིང་། སྐབས་དེར་དེ་གའི་འགན་འཛིན་ཚེ་བརྟན་ལགས་ཀྱིས་རང་འཚོ་བཟོ་གྲྭའི་སྐོར་ངོ་སྤྲོད་དང་། རང་འཚོ་བཟོ་གྲྭའི་ནང་གི་རུམ་གདན་འཐག་ས་དང་། དེ་གར་འགྲེམས་ཚོང་ཁང་ལ་གཟིགས་སྐོར་སྣེ་ཁྲིད་བཅས་གནང་འདུག གཞི་རྩའི་རྡོར་གླིང་བོད་མིའི་རང་འཚོའི་བཟོ་གྲྭ་དེ་བཞིན། ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༡༠ པའི་ཚེས་ ༢ ཉིན་ལྷ་ལྕམ་དམ་པ་བདེ་སྐྱིད་སྒྲོལ་དཀར་མཆོག་གིས་བོད་མི་རིགས་ལ་ཐུགས་བརྩེ་ཆེན་པོས་གསར་འཛུགས་གནང་བ་ཞིག་དང་། ཕྱི་ལོ་ ༡༩༨༩ ཟླ་ ༩ པའི་ཚེས་ ༢༢ ཉིན་སྐུ་ཚེའི་འཕེན་པ་མ་རྫོགས་བར་མི་ལོ་ཧྲིལ་པོ་ ༢༧ རིང་དབུ་འཛིན་གྱི་མཛད་འགན་རྐང་བཞེས་གནང་སྟེ། བཙན་བྱོལ་བོད་མི་རྣམས་ལ་འཕྲལ་ཕུགས་གཉིས་ཀྱི་ཕན་ཐོགས་ཆེན་པོ་བྱུང་འདུག
ཉིན་རྒྱབ་སྤྱི་འཐུས་རྣམ་གཉིས་རྡོར་གླིང་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭར་ཕེབས་པ་དང་། སྐབས་དེར་སློབ་གྲྭའི་སློབ་སྤྱི་སྐལ་བཟང་ལགས་ཀྱིས་སློབ་གྲྭའི་འཛིན་ཁང་དང་། ལས་ཤག། སློབ་ཕྲུག་ཉལ་ཁང་སོགས་ལ་གཟིགས་སྐོར་སྣེ་ཁྲིད་གནང་རྗེས། སློབ་གྲྭའི་ཚོགས་ཁང་ནང་རྡོར་གླིང་ཁུལ་གྱི་ས་གནས་བོད་མི་མང་ཚོགས་དང་། སློབ་གྲྭའི་སློབ་ཕྲུག་རྒན་པ་རྣམས་འདུ་འཛོམས་གནང་ཞིང་། ཐོག་མར་རྡོར་གླིང་ས་གནས་འགོ་འཛིན་རྡོ་རྗེ་རིག་འཛིན་ལགས་ཀྱིས་ཕྱོགས་ཕེབས་སྤྱི་འཐུས་རྣམ་པ་གཉིས་ངོ་སྤྲོད་དང་། ཕེབས་བསུའི་གསུང་བཤད། ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བསྡོམས་སྙན་སྒྲོན་བཅས་གནང་བ་དང་།
དེ་ནས་སྤྱི་འཐུས་རྣམ་པ་གཉིས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས། བོད་ཀྱི་རྩ་དོན་འཐབ་རྩོད་དང་འབྲེལ་བའི་རྒྱལ་སྤྱི་དང་། རྒྱ་ནག་ནང་གི་གནས་སྟངས། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་བཅས་ཀྱི་ཐོག་གསུང་བཤད་དང་།
མང་ཚོགས་ཀྱི་དོགས་འདྲི་དང་དགོངས་ཚུལ་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་འདུག
དེ་རྗེས་སྤྱི་འཐུས་རྣམ་པ་གཉིས་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ཕེབས་པ་དང་། སྐབས་དེར་དེ་གའི་འགན་འཛིན་དང་། ལས་སྣེ་རྣམས་ཀྱིས་ཕེབས་བསུ་སྣེ་ལེན་དང་། དེ་ནས་བོད་རང་བཙན་ཡིན་པའི་ལོ་རྒྱུས་ཀྱི་གནས་བབ་དང་། བཙན་བྱོལ་ལ་ཇི་ལྟར་སླེབས་ཡོད་པ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་རྣམ་ཐར་དང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། བོད་ཆོལ་ཁ་གསུམ་གྱི་ཆོས་དང་རིག་གཞུང་ཐུན་མོང་མ་ཡིན་པ་སོགས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཡོད་པ་དེར་གཟིགས་སྐོར་གནང་གྲུབ་མཚམས།
འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ལས་སྣེ་རྣམས་དང་ལྷན་ཚོགས་འདུ་ཞིག་ཚོགས་ཤིང་། སྐབས་དེར་སྤྱི་འཐུས་རྣམ་གཉིས་ཀྱིས་བོད་ཀྱི་རིག་གཞུང་གི་གལ་གནད་དང་། མུ་མཐུད་མི་ཉམས་རྒྱུན་འཛིན་དང་། ཚོགས་པའི་ལས་དོན་མཇུག་སྐྱོང་ཚགས་ཚུད་གནང་དགོས་པ་སོགས་ཀྱི་ལམ་སྟོན་གསུང་བཤད་གནང་རྗེས། རྒྱ་གར་བྱང་ཤར་རྡོར་གླིང་གཞིས་ཆགས་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་པར་གྲུབ་པ་དང་འབྲེལ། ས་གནས་ཀྱི་ཚོགས་སྡེ་ཁག་ཡོངས་རྫོགས་ཀྱི་ཐོག་ནས་སྤྱི་འཐུས་རྣམ་པ་གཉིས་ལ་དགའ་སྐྱེལ་གསོལ་སྟོན་ཞིག་བཤམས་གནང་འདུག་པ་བཅས།