༄༅། །བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༥ པའི་ཚེས་ ༢༢ ཉིན་རྒྱ་གར་བྱང་ཤར་བསུ་ན་མདའ་བཀྲ་ཤིས་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་ཡོད།
དེ་ཉིན་སྔ་དྲོ་ཐོག་མར་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་དགའ་ལྡན་ཡིད་དགའ་ཆོས་གླིང་དགོན་པར་མཆོད་མཇལ་དང་། དམིགས་བསལ་དགོན་པའི་རྟེན་གཙོ་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་གསུང་བྱོན་སོགས་ལ་མཇལ་ཁ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བྱུང་འདུག གཞི་རྩའི་དགོན་པ་དེ་ནི་ཕྱི་ལོ་ ༡༨༥༠ ལོར་སོག་པའི་བླ་མ་ཞིག་གིས་གསར་འཛུགས་གནང་བའི་དགེ་ལུགས་ཀྱི་དགོན་པ་རྙིང་ཤོས་གྲས་ཤིག་ཆགས་ཀྱི་འདུག་པ་དང་། རྗེ་བཙུན་སྒྲོལ་མའི་སྐུ་བརྙན་གསུང་བྱོན་དེ་ནམ་རྒྱུན་ས་ག་ཟླ་བའི་ཚེས་ ༡༥ ཉིན་མང་ཚོགས་ལ་མཇལ་ཁ་གནང་གི་ཡོད་པ་དང་། དེའི་སྐབས་མི་མང་ཁྲི་གསུམ་བཞི་ཡས་མས་མཇལ་ཁར་བཅར་གྱི་ཡོད་འདུག
དེ་རྗེས་སྤྱི་འཐུས་རྣམ་པ་གཉིས་བསུ་ན་མདའ་སཾམ་བྷོ་ཊ་སློབ་གྲྭར་ཕེབས་ཏེ། སློབ་གྲྭའི་འཛིན་ཁང་དང་། ཉལ་ཁང་སོགས་ལ་གཟིགས་ཞིབ་དང་། སློབ་གྲྭའི་དགེ་ལས་རྣམས་ལ་ཐུག་འཕྲད་གནང་རྗེས།
རིམ་པས་ས་གནས་འགོ་འཛིན་ལས་ཁུངས་དང་། རང་བདེན་ཚོགས་ཆུང་གི་ལས་ཁུངས། མཉམ་འབྲེལ་ལས་ཁུངས་བཅས་ལ་གཟིགས་སྐོར་དང་། བཀའ་བརྒྱུད་བསམ་གྲུབ་དར་རྒྱས་ཆོས་གླིང་དུ་མཆོད་མཇལ་བཅས་གནང་འདུག
དེ་ནས་ས་གནས་མཉམ་འབྲེལ་ཚོགས་ཁང་ནང་མི་མང་ཚོགས་འདུ་བསྐོངས་ཤིང་། དེ་ཡང་ཐོག་མར་བསུ་ན་མདའ་ས་གནས་འགོ་འཛིན་ནས་ཕེབས་བསུའི་གསུང་བཤད་དང་ཕྱོགས་ཕེབས་སྤྱི་འཐུས་རྣམ་པ་གཉིས་ངོ་སྤྲོད། དེ་རྗེས་བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་དང་། མི་མང་གིས་དགོངས་ཚུལ་དང་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་བ་དང་།
མཐར་བསུ་ན་མདའ་རང་བདེན་ཚོགས་ཆུང་གི་ཚོགས་གཙོས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ། མི་མང་ཚོགས་འདུ་རྒྱལ་ཁའི་ངང་གྲོལ་འདུག
ཉིན་རྒྱབ་ཕུན་ཚོགས་རྔ་གཡབ་ཆོས་འཁོར་གླིང་དགོན་པ་དང་། གུམ་ས་སྐྱ་གུ་རུ་མདོ་སྔགས་ནོར་བུའི་གླིང་། འབྲུག་གསང་སྔགས་ཆོས་གླིང་དགོན་པ་བཅས་ལ་རིམ་པས་མཆོད་མཇལ་ཕེབས་རྗེས། བསུ་ན་མདའ་བཀྲ་ཤིས་གླིང་གཞིས་ཆགས་ཀྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་འདུག་པ་བཅས།