སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ནས་རྒྱ་གར་བྱང་ཤར་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་དོན་དབུ་འཛུགས་གནང་བ།

༄༅། །བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༥ པའི་ཚེས་ ༢༡ ཉིན་རྒྱ་གར་བྱང་ཤར་རྡོར་གླིང་ས་གནས་འགོ་འཛིན་ཁྱབ་ཁོངས་ཁར་ཤང་ཁུལ་གྱི་ཁ་འཐོར་བོད་མི་རྣམས་ཐུག་འཕྲད་དང་། ས་སྐྱ་ཀུན་དགའ་བཤད་སྒྲུབ་གླིང་དགོན་པར་གནས་གཟིགས་བཅས་གནང་སྟེ། ཐེངས་འདིའི་རྒྱ་གར་བྱང་ཤར་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་དབུ་འཛུགས་གནང་ཡོད་པ་རེད།

དེ་ཡང་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༢༡ ཉིན་རྒྱལ་ས་ལྡི་ལི་ནས་རྒྱ་གར་བྱང་ཤར་ནུབ་བྷེང་གྷལ་མངའ་སྡེའི་གྲོང་ཁྱེར་ཤི་ལི་གྷུ་རིར་ཕེབས་ཐོན་གྱིས་གནམ་ཐང་དུ་ཕེབས་འབྱོར་མཚམས། བྱང་ཤར་སྤྱི་ཁྱབ་དང་རྡོར་གླིང་ས་གནས་འགོ་འཛིན་གཅིག་ལྕོགས་རྡོ་རྗེ་རིག་འཛིན་ལགས་ཀྱིས་ཕེབས་བསུ་སྣེ་ལེན་དང་སྦྲགས། ཁར་ཤང་དུ་ཕེབས་ཐོན་གནང་ཞིང་།

ཉིན་རྒྱབ་ས་གནས་སུ་ཕེབས་འབྱོར་སྐབས། ཁར་ཤང་ས་སྐྱ་ཀུན་དགའ་བཤད་སྒྲུབ་གླིང་དགོན་པའི་གཉེར་ཆེན་དང་དགེ་འདུན་པ། ས་གནས་ཁ་འཐོར་མང་ཚོགས་ནས་སྣེ་ལེན་དང་། དེ་ནས་དགོན་པར་གནས་མཇལ་དང་། དགོན་པའི་སློབ་གྲྭར་གཟིགས་སྐོར། ཕྱག་མཛོད་ཁང་ནང་ཕྱོགས་ཕེབས་སྤྱི་འཐུས་རྣམ་གཉིས་ལ་གསོལ་ཇ་ཞལ་ཏོག་འདེགས་འབུལ་བཅས་ཞུས་རྗེས། དགོན་པའི་ཆོས་རྭའི་ནང་ཁར་ཤང་ཁ་ཐོར་བོད་མི་རྣམས་ཐུག་འཕྲད་དང་།

མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ཀྱིས་གསུང་བཤད་གནང་ཞིང་། དེ་ཡང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ཚེ་བརྟན་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་བཅས་ངོ་སྤྲོད་དང་།

སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་གིས་རྒྱལ་སྤྱིའི་ནང་བོད་ཀྱི་གནས་སྟངས་དང་། རྩ་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་མི་ཆ་དང་། ཤེས་ཡོན། དཔལ་འབྱོར་སོགས་ཀྱི་ཐོག་ལ་ཤུགས་ཇི་ཙམ་བསྐྱོན་དགོས་པ་དང་། དེའི་ཐོག་ནུས་པ་འདོན་ཕྱོགས་སྐོར་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད་པ་མ་ཟད། མི་མང་གི་དགོངས་ཚུལ་དང་། དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་བ་དང་།

བྱང་ཤར་སྤྱི་ཁྱབ་དང་རྡོར་གླིང་ས་གནས་འགོ་འཛིན་གཅིག་ལྕོགས་རྡོ་རྗེ་རིག་འཛིན་ལགས་ཀྱིས་སྤྱི་འཐུས་རྣམ་པ་གཉིས་ངོ་སྤྲོད་དང་འཚམས་འདྲིའི་གསུང་བཤད། དགོན་པའི་ཕྱག་མཛོད་ནས་སྤྱི་འཐུས་རྣམ་པ་གཉིས་ལ་མཇལ་དར་ཕུལ་བ་བཅས་ཐེངས་འདིའི་ཁར་ཤང་ཁུལ་གྱི་མི་མང་འདུ་འཛོམས་ཀྱི་ལས་རིམ་ལེགས་པར་གྲུབ་འདུག་པ་བཅས།