སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་ནས་བསྟན་འཛིན་སྒང་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་བ།

༄༅། །བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༥ པའི་ཚེས་ ༡༢ ནས་ ༡༣ བར་ཉིན་གྲངས་གཉིས་རིང་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ནས་ཤིས་ལོངས་ཁུལ་གྱི་ལས་རིམ་ཁག་ཡོངས་སུ་གྲུབ་རྗེས། ཕྱི་ལོ་ ༢༠༢༥ ཟླ་ ༥ པའི་ཚེས་ ༡༢ ཉིན་སྔ་དྲོ་ཆུ་ཚོད་ ༦།༠༠ པའི་ཐོག་བསྟན་འཛིན་སྒང་ས་གནས་འགོ་འཛིན་གྱིས་སྣེ་ལེན་ཕེབས་བསུ་དང་བཅས། གྷོ་ཝ་ཧ་ཀྲི་ནས་བསྟན་འཛིན་སྒང་ཕྱོགས་སུ་ཕེབས་ཐོན་གྱིས་ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཙམ་ལ་དེ་གའི་གཞིས་ཆགས་སུ་ཕེབས་འབྱོར་བྱུང་ཡོད་འདུག

བསྟན་འཛིན་སྒང་གཞིས་ཆགས་མགྲོན་ཁང་དུ་ཕེབས་འབྱོར་མཚམས། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། རྒྱུད་སྟོད་ཕྱག་མཛོད། སློབ་གྲྭའི་སློབ་སྤྱི། མཉམ་འབྲེལ་དྲུང་ཆེ་གཙོས་པའི་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་ནས་ཕེབས་བསུའི་སྣེ་ལེན་ཞུས་པ་དང་། ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་མཉམ་འབྲེལ་ལས་ཁུངས། ས་གནས་འཕྲོད་བསྟེན་སྨན་ཁང་བཅས་ལ་གཟིགས་སྐོར་ཕེབས་ཡོད་འདུག

ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་སྤྱི་འཐུས་རྣམ་པ་གཉིས་བསྟན་འཛིན་སྒང་སཾ་བྷོ་ཊ་གཞི་རིམ་བར་མའི་ཉིན་སློབ་ཏུ་གཟིགས་སྐོར་ཕེབས་ཏེ།

སློབ་གྲྭའི་སློབ་སྤྱི་དང་ལྷན་བོད་ཀྱི་ཆོས་དང་རིག་གཞུང་གི་གལ་ཆེའི་རང་བཞིན་དང་། དགེ་རྒན་རྣམས་ཀྱི་འགན་འཁྲི། སློབ་ཕྲུག་ཚོས་སློབ་སྦྱོང་གནང་ཕྱོགས་སོགས་ཀྱི་ཐོག་ལ་དགོངས་ཚུལ་བརྗེ་ལེན་དང་། བཀའ་བསྡུར་ལྷུགས་པོ་གནང་རྗེས། སློབ་གྲྭའི་འཛིན་ཁང་དང་། སློབ་ཕྲུག་གི་ཉལ་ཁང་ཁག་བཅས་ལ་གཟིགས་ཞིབ་གནང་ཡོད་འདུག

ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༠༠ ཐོག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་མཆོད་མཇལ་དང་གཟིགས་སྐོར་ཕེབས་པ་དང་། སྐབས་དེར་གྲྭ་ཚང་ནས་ཕྱོགས་ཕེབས་སྤྱི་འཐུས་རྣམ་གཉིས་ལ་ཞོགས་ཟས་འདེགས་འབུལ་གྱིས་སྣེ་ལེན་གཟབ་རྒྱས་ཞུས་འདུག

ཆུ་ཚོད་ ༩།༠༠ པའི་ཐོག་མི་མང་ཚོགས་ཁང་ནང་ས་གནས་མི་མང་འདུ་འཛོམས་གནང་ཞིང་། སྐབས་དེར་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་མིའི་མང་གཙོའི་འཕེལ་རིམ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་སོགས་ཀྱི་ཐོག་གསུང་བཤད་དང་།

སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་། ད་ལྟའི་ཆར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་འཛིན་པའི་ཆབ་སྲིད་ཀྱི་ལང་ཕྱོགས་དང་གནས་བབ། དམིགས་བསལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ལ་ངོས་འཛིན་གནང་ཕྱོགས་སོགས་ཀྱི་ཐོག་ལ་གསུང་བཤད་གནང་གྲུབ་རྗེས། མང་ཚོགས་ཀྱི་དྲི་བ་དང་དགོངས་ཚུལ་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཉིན་གུང་ཆུ་ཚོད་ ༡༢།༠༠ ཐོག་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་དང་ལྷན་བཞུགས་མོལ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་སྟེ། ས་གནས་མི་མང་གི་བདེ་སྡུག་དང་འབྲེལ་བའི་ཐོག་རྒྱུས་ལོན་མཐིལ་ཕྱིན་ཞུས་རྗེས། ཆུ་ཚོད་ ༡།༠༠ ཐོག་གསོལ་ཚིགས་འདེགས་འབུལ་དང་། དེ་ནས་ས་གནས་འགོ་འཛིན་དང་ལྷན་དུ་འབུམ་སྡེ་ལར་ཕེབས་ཐོན་གནང་ཡོད་པ་བཅས།