སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་རྣམ་གཉིས་ནས་ཌལ་ཧོར་ཕུན་ཚོགས་གླིང་གཞིས་ཆགས་སུ་གཞུང་འབྲེལ་ལས་རིམ་ཁག་ལེགས་གྲུབ་དང་། རྡ་རམ་ས་ལ་ས་གནས་འགོ་འཛིན་ཁྱབ་ཁོངས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་འགོ་འཛུགས་པ།


༄༅། ། སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་རྣམ་གཉིས་ཌལ་ཧོར་ཕུན་ཚོགས་གླིང་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྤྱི་འཐུས་རྣམ་གཉིས་ནས་ཌལ་ཧོར་ཕུན་ཚོགས་གླིང་ས་གནས་འགོ་འཛིན་ལས་ཁུངས་སུ་དེ་གའི་ས་འཐུས་ཚོགས་གཙོ་ཕུར་བུ་དགྲ་འདུལ་ལགས་དང་། ས་གནས་འགོ་འཛིན་སྐལ་བཟང་བསྟན་འཛིན་ལགས་གཙོས་པའི་ས་གནས་ཀྱི་གནད་ཡོད་མི་སྣ་ལྷན་དུ་ཆུ་ཚོད་གཅིག་རིང་བཞུགས་མོལ་ཚོགས་འདུ་ཚོགས་པ་དང་། ཆུ་ཚོད་ ༡༠།༣༠ ཐོག་ས་གནས་འགོ་འཛིན་ལས་ཁུངས་དང་། བཟོ་གྲྭའི་འཛིན་སྐྱོང་། ལག་ཤེས་སྡེ་ཚན། སྡེ་ཚན་ཁག་གི་ཐོན་སྐྱེད་རྣམས་ལ་གཟིགས་ཞིབ་དང་། དེ་དག་གི་འབྲེལ་ཡོད་ལས་བྱེད་རྣམས་ཐུག་འཕྲད་ཀྱིས་ལས་བྱེད་རྣམ་པས་ད་བར་ཕྱག་ལས་ཧུར་ཐག་གནང་བར་རྗེས་སུ་ཡི་རངས་དང་། མ་འོངས་པར་མུ་མཐུད་ཧུར་ཐག་གནང་དགོས་པའི་འབོད་སྐུལ་ཞུས་གནང་འདུག

ཆུ་ཚོད་ ༡༡།༠༠ ཐོག་ས་གནས་འཕྲོད་བསྟེན་སྨན་ཁང་གི་ལས་བྱེད་དང་། ས་འཐུས་ཚོགས་མི་སོགས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་མི་བཅས་ནས་ཕེབས་བསུ་སྣེ་ལེན་ཞུས་རྗེས། ས་འཐུས་ལས་ལས་ཁུངས་དང་། ས་གནས་འཕྲོད་བསྟེན་སྨན་ཁང་སོགས་ཀྱི་གནས་སྟངས་རྟོག་ཞིབ་དང་། འབྲེལ་ཡོད་ནས་ལས་ཁུངས་སོ་སོའི་གནས་སྟངས་དང་། ཕྱག་ལས་གནང་ཕྱོགས་སྐོར་སྙན་གསན་ཞུས་རྗེས། སྤྱི་འཐུས་རྣམ་གཉིས་ནས་ཁོང་རྣམ་པའི་ཕྱག་ལས་གནང་ཕྱོགས་ལ་ཡི་རངས་བསྔགས་བརྗོད་དང་འབྲེལ་ཐུགས་རྗེ་ཆེ་ཞུས་གནང་འདུག་པ་དང་།

ཆུ་ཚོད་ ༡༢།༣༠ ཐོག་ཌལ་ཧོར་སཾ་བྷོ་ཊའི་འབྲེལ་ལས་གཙོས་ལས་བྱེད་རྣམས་ནས་སྤྱི་འཐུས་རྣམ་གཉིས་ལ་ཕེབས་བསུ་སྣེ་ལེན་ཞུས་པ་དང་འབྲེལ། སློབ་གྲྭའི་སྔོན་འགྲོའི་འཛིན་ཁང་དང་། ལས་ཁུངས། བུ་དང་བུ་མོའི་ཉལ་ཁང་སོགས་ལ་གཟིགས་ཞིབ་ཀྱིས་ད་ལྟའི་གནས་སྟངས་རྒྱུས་ལོན་གནང་རྗེས། ཉིན་གུང་ཆུ་ཚོད་ ༢།༠༠ ནས་ ༥།༠༠ བར་ཌལ་ཧོར་མི་མང་ཚོགས་ཁང་ནངས་གནས་མི་མང་རྣམས་ལ་གསུང་བཤད་དང་། མི་མང་གི་དྲི་བ་སོགས་ལ་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་བ་དང་།

དགོང་མོ་ཆུ་ཚོད་ ༩།༠༠ པའི་ཐོག་བཟོ་གྲྭའི་མགྲོན་ཁང་དུ་ཌལ་ཧོར་ཁུལ་གྱི་སློབ་སྟོན་པ་གྲགས་ཅན་སྐུ་ཞབས་ཝི་ཀ་རམ་ (Mr. Vikram, Counselor) ལགས་དང་ལྷན་མཇལ་འཕྲད་གནང་ཡོད་འདུག

ཕྱི་ཟླ་ ༧ པའི་ཚེས་ ༡༤ སྔ་དྲོ་ཆུ་ཚོད་ ༨།༡༥ ཐོག་ས་གནས་ནས་ཕེབས་ཐོན་གྱིས་ལམ་ཞོར་དུ་ཧི་མ་ཅལ་མངའ་སྡེའི་ཤེས་རིག་བློན་ཆེན་ཟུར་པ་ལྕམ་སྐུ་ཨ་ཤཱ་ ཀུ་མ་རི་ (Smt. Asha Kumari, Former Education Minister of the Himachal Pradesh) མཆོག་མཇལ་འཕྲད་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཐོག་མར་འཚམས་འདྲི་དང་སྦྲགས། རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་མུས་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། ས་གནས་བོད་མིའི་གནས་སྟངས་སྐོར་ཞུས་པ་དང་། ལྷག་པར་དུ་ཁོང་གིས་དེ་སྔ་ས་གནས་བོད་མི་ཚོར་ཐུགས་ཁུར་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་དང་། འབྱུང་འགྱུར་ཡང་མུ་མཐུད་ཐུགས་ཁུར་རྒྱབ་སྐྱོར་ཡོང་པའི་འབོད་སྐུལ་ཞུས་རྗེས། མཇལ་དར་བསྒྲོན་འབུལ་དང་། ༧གོང་ས་མཆོག་གི་ཕྱག་དེབ་གསར་པ་བོད་དང་བོད་མིའི་མགྲིན་ཚབ་ཅེས་པ་ཕུལ་གནང་རྗེས། ཆུ་ཚོད་ ༡༠།༣༠ ཙམ་ནས་ས་གནས་ནས་ཕེབས་ཐོན་གནང་འདུག

ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཙམ་ལ་རྡ་རམ་ས་ལ་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་མཛད་རིམ་བཞིན་ (Trilokpur) བཙུན་མགོན་ཀརྨ་སྒྲུབ་བརྒྱུད་དར་རྒྱས་གླིང་ནས་ཕེབས་བསུ་ཟབ་རྒྱས་ཞུས་རྗེས། དགོན་པར་མཆོད་མཇལ་དང་མཁན་རིན་པོ་ཆེས་གཙོས་བཙུན་མ་བགྲེས་པ་ཁག་ཅིག་དང་ལྷན་མཇལ་འཕྲད་ཀྱིས་གནས་ཚུལ་རྒྱུས་ལོན་དང་། ཆུ་ཚོད་ ༣།༣༠ ཐོག་ཞ་ལུ་དགོན་པའི་ཕྱག་མཛོད་དང་། དགེ་འདུན་པས་ཕེབས་བསུ་དང་འབྲེལ། དགོན་པའི་རྟེན་གཙོ་དག་ལ་མཆོད་མཇལ་ཞུས་ཏེ། བཞུགས་སྒར་རྡ་རམ་ས་ལའི་ཁྱབ་ཁོངས་ལས་རིམ་དབུ་འཛུགས་གནང་འདུག་པ་བཅས།