སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་དང་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་རྣམ་གཉིས་ནས་སིམ་ལ་དང་ཌོ་ལན་ཇི་བཅས་སུ་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་མང་ཚོགས་ཀྱི་བདེ་སྡུག་གཟིགས་ཞིབ་སླད་བོད་མིའི་གནས་སྡོད་ས་གནས་རྣམས་སུ་ཕྱོགས་བསྐྱོད་ཀྱི་ལས་གཞི་ཡོད་པ་ལྟར་བོད་མི་མང་སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་དང་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་རྣམ་གཉིས་ཕྱི་ཟླ་ ༣ ཚེས་ ༡ ནས་ཚེས་ ༧ བར་དུ་སིམ་ལ་དང་།  ཌོ་ལན་ཇི་བོན་གཞིས་ཁུལ་དུ་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་ཡོད་འདུག

སྤྱི་འཐུས་རྣམ་གཉིས་ཀྱིས་གོང་གསལ་ས་གནས་གཉིས་ཀྱི་སློབ་གྲྭ་ཁག་ལ་གཟིགས་སྐོར་དང་། དགོན་པ་གྲྭ་ཚང་ཁག་ལ་གནས་མཇལ་ཞུས་གནང་བ་དང་། དེ་བཞིན་མི་མང་འདུ་འཛོམས་སར་བཀའ་སློབ་གསུང་བཤད་གནང་ཡོད་པ་རེད། ལྷག་པར་དུ་སྤྱི་འཐུས་རྣམ་གཉིས་ནས་ཌོ་ལན་ཇི་བོན་གཞིས་དང་སིམ་ལ་གཉིས་སུ་༧སྐྱབས་རྗེ་སྨན་རི་ཁྲི་འཛིན་མཆོག་དང་། ༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གཉིས་ཀྱི་མཇལ་ཁ་ཞུས་གནང་འདུག

གོང་གསལ་བོད་མིའི་གནས་སྡོད་ས་གནས་གཉིས་སུ་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ་དང་། སྤྱི་འཐུས་གཉིས་ནས་བོད་མི་ཚོས་བདེ་སྡུག་དང་བསམ་ཚུལ་ཕུལ་འབྱོར་བྱུང་བ་རྣམས་བོད་མི་མང་སྤྱི་འཐུས་རྒྱུན་ལས་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལྷན་ཁང་ཁག་ཏུ་དཀའ་སེལ་མཇུག་སྐྱོང་སླད་འབུལ་རྒྱུ་ཡིན་པ་རེད་འདུག

ལས་གཞི་འདི་ཉིད་ཨ་རི་གཞུང་གི་རོགས་ཚོགས་ USAID ཡིས་ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་དང་དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་གཉིས་བརྒྱུད་མཐུན་འགྱུར་ཞུས་གནང་ཡོད་པ་བཅས།