སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ལགས་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་དུ་ཕེབས་ཞུགས།

༄༅།  རྒྱ་གར་ལྷོ་ནུབ་ནཱག་པུར་ཉེ་འགྲམ་ཨམ་ར་ཝ་ཏི་ཡུ་ཇི་སི་གཙུག་ལགས་སློབ་གྲྭ་ཆེ་མོའི་ནང་པའི་མཐོ་སློབ་ཀྱིས་གོ་སྒྲིག་ཐོག་རྒྱལ་སྤྱིའི་ནང་པའི་ཆོས་ཚོགས་༢༠༡༡། ༠༣། ༡༡།དང་༡༢་ཉིན་གཉིས་སར་ཚོགས་ཆེན་དབུ་འབྱེད་ཆེད་གདན་ཞུས་ལྟར་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ལགས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་གནང་སྟེ་ཕེབས་ཡོད།  བརྗོད་གཞི་༼དུས་རབས་འདིར་ནང་ཆོས་ཀྱིས་གལ་གནད་༽ཅེས་འཁོད་ཡོད་ཅིང། ཚོགས་འདུའི་དབུ་འབྱེད་ཐོག་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ཀྱིས།  འཛམ་གླིང་ཞི་བདེ་དང་ནང་ཆོས་ཀྱི་འབྲེལ་བ།  ནང་ཆོས་དང་ཚན་རིག་གི་འབྲེལ་བ།  ནང་ཆོས་དང་འཁོར་ཡུག་གི་འབྲེལ་བ།  ནང་ཆོས་དང་མང་གཙོའི་བཟང་སྤྱོད་ཀྱི་འབྲེལ་བ།  སངས་རྒྱས་པས་བུད་མེད་ལ་བརྩི་མཐོང།  སངས་རྒྱས་པས་འདོད་ཡོན་ལ་གཉེན་པོ་བསྟེན་ཕྱོགས་སོགས་བརྗོད་གཞི་ཁག་དྲུག་གི་སྒོ་ནས་གསུང་བཤད་གནང་ཡོད་པ་རེད། ཚོགས་ཆེན་དེར་སྤྱི་འཐུས་ཨ་ཅཱ་རི་ཡ་ཡེ་ཤེས་ཕུན་ཚོགས་ལགས་ཀྱང་གདན་ཞུས་ལྟར་ཕེབས་ཡོད་ཅིང་། ཚོགས་ཐེངས་གཅིག་གི་གཙོ་སྐྱོང་གནང་ཡོད་འདུག ཚོགས་ཆེན་ཉིན་གཉིས་ཡིན་ཀྱང་གྲོས་ཚོགས་སུ་༸གོང་ས་མཆོག་གི་གསུང་འཕྲིན་ཕེབས་ཡོད་པར་སོང་འཕྲལ་དུ་ཉིན་རྒྱབ་ནས་བཞུགས་སྒར་དུ་ཕྱིར་ལོག་གནང་ཡོད་པ་རེད།

དེའི་སྔ་ཉིན་གསུམ་བཅུའི་དུས་དྲན་ཉིན་སྤྱི་འཐུས་རྣམ་གཉིས་ནས་ནཱག་པུར་དུ་སྦན་དྷ་ར་བོད་ཀྱི་གཞོན་ནུའི་རྔམ་སྟོད་ཁྲོམ་སྐོར་དབུ་འཁྲིད་དང་། གསུང་བཤད། གསར་འགོད་ལན་འདེབས་བཅས་གནང་ཡོད་པ་རེད།