སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་མཆོག་དང་སྤྱི་འཐུས་བསྟན་འཛིན་གཡང་དཀར་མཆོག་རྣམ་གཉིས་ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ལོ་འཁོར་ཚོགས་ཆེན་ཐེངས་ལྔ་པར་མཉམ་ཞུགས་གནང་བ།

༄༅།  ། ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༩ དང་ ༣༠ བཅས་ཉིན་གཉིས་རིང་ཡུ་རོབ་འཇར་མན་རྒྱལ་ཁབ་ཀྱི་རྒྱལ་ས་སྦར་ལིན་དུ་ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ལོ་འཁོར་ཚོགས་ཆེན་ཐེངས་ལྔ་པ་ཚོགས་གནང་ཞིང་། སྐབས་དེའི་ཚོགས་ཆེན་ཐོག་ཕྱོགས་བཞུགས་བོད་མི་མང་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་མཆོག་དངསྤྱི་འཐུས་བསྟན་འཛིན་གཡང་དཀར་མཆོག་རྣམ་གཉིས་མཉམ་ཞུགས་གནང་ཡོད་འདུག

གཞན་ཡང་སྐབས་དེའི་ཚོགས་ཆེན་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྤྱི་ཟུར་བསྟན་ཆོས་རྒྱ་མཚོ་ལགས། ཡུ་རོབ་ཁུལ་གྱི་སྐུ་ཚབ་དོན་གཅོད་རྣམ་པ་གསུམ་དང་། པེ་རི་སི་འབྲེལ་མཐུད་ལས་ཁང་གི་དྲུང་ཆེ།  ཡུ་རོབ་བོད་རིགས་འབྲེལ་མཐུད་ལས་བྱེད། ཡུ་རོབ་རྒྱལ་ཁབ་ཁག་ ༡༢ ནས་ཕེབས་པའི་བོད་རིགས་ཚོགས་པ་ཁག་གི་ཚོགས་གཙོ་ཚོགས་གཞོན་དང་སྐུ་ཚབ་འཐུས་མི་བཅས་ཕེབས་ཡོད་འདུག

ཐེངས་འདིའི་ཚོགས་ཆེན་ཐོག ཕྱི་ལོ་ ༢༠༢༧ ལོའི་ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་གཞི་རྒྱ་ཆེ་བའི་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་ཆེན་མོ་དེ་བཞིན་འཇར་མན་གྱི་རྒྱལ་ས་སྦར་ལིན་དུ་སྲུང་བརྩི་བྱ་གཏན་ཁེལ་བ་དང་། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ནས་བཟུང་བོད་ནང་རྒྱ་དམར་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བའི་འོག བོད་མི་རིགས་ཀྱི་ངོ་བོ་རྩ་གཏོར་གྱི་སྲིད་བྱུས་དངོས་སུ་ལག་བསྟར་བྱེད་འགོ་བརྩམས་ཡོད་སྟབསཡུ་རོབ་ནང་གི་བོད་པའི་གཟའ་མཇུག་སློབ་གྲྭ་ཁག་སྔར་ལྷག་ཚགས་ཚུད་དུ་གཏོང་རྒྱུ་དང་།  ཕྱི་ལོ་ ༢༠༢༨ ཡུ་རོབ་བོད་ཀྱི་ངོ་བོ་གཅེས་སྲུང་འདུ་འཛོམས་ཆེན་མོ་ཞེས་པའི་ལས་འགུལ་སྤེལ་རྒྱུ། དེ་བཞིན་བཙན་བྱོལ་སྤྱི་ཚོགས་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་མཁན་བྱུང་ཚེ། དེ་མ་ཐག་ཏུ་དེར་གདོང་ལེན་བྱ་ཕྱོགས་ཀྱི་ལམ་སྟོན་གྲོས་ཆོད་བཞག་པ། ཡུ་རོབ་ནང་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྔར་ལྷག་ཤུགས་ཆེར་གཏོང་རྒྱུ། འབྱུང་འགྱུར་ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ཚོགས་ཆེན་གྱི་སྒྲོམ་གཞི་སྲ་བརྟན་ཡོང་སླད་རྩ་འཛིན་སྒྲིག་གཞིའི་ཟིན་བྲིས་ཚོགས་ཆུང་ཞིག་གསར་འཛུགས་བཅས་གནང་ཡོད་འདུག