
༄༅། །བོད་མི་མང་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་དང་། སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༦ པའི་ཚེས་ ༢༣ ཉིན་ནས་ཤྲི་ན་སྒར་དང་། དཀར་འཁྱིལ། ལ་དྭགས་སླེ་བྱང་ཁུལ་བཅས་ལ་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༢༤ ཉིན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་གྱིས་གཞུང་འབྲེལ་འཚམས་གཟིགས་གནང་འགོ་བཙུགས་ཡོད་པ་རེད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ནས་ཤྲི་ན་སྒར་ཁུལ་ལ་གཞུང་འབྲེལ་འཚམས་གཟིགས་ལེགས་པར་གྲུབ་རྗེས། ཕྱི་ཟླ་ ༦ པའི་ཚེས་ ༢༤ ཉིན་དཀར་འཁྱིལ་བརྒྱུད་ལ་དྭགས་སླེ་རུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་སྐབས། ལ་སྤྱི་ཁྱབ་ཁོངས་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་ས་གནས་མང་གཙོའི་ཀ་བ་གསུམ་གྱི་ལས་སྣེ་རྣམ་པ་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ཉེར་གཅིག་གི་གནད་ཡོད་མི་སྣ་རྣམས་ནས་སྣེ་ལེན་ཕེབས་བསུ་གཟབ་རྒྱས་ཞུས་འདུག

དེ་རྗེས་ལ་སྤྱི་ཚོགས་ཁང་དུ་ཕྱོགས་ཕེབས་སྤྱི་འཐུས་རྣམ་གཉིས་དབུ་བཞུགས་ཐོག ས་གནས་ཀྱི་གནད་ཡོད་མི་སྣ་གྲངས་སུམ་བཅུ་ལྷག་དང་ལྷན་བཞུགས་མོལ་ཚོགས་འདུ་ཚོགས་ཤིང་། སྐབས་དེར་སྤྱི་འཐུས་རྣམ་གཉིས་ནས་འཚམས་འདྲིའི་གསུང་བཤད་དང་། ཚོགས་བཅར་བའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་བ་སོགས་དུས་ཡུན་ཆུ་ཚོད་གཅིག་ལྷག་རིང་ཚོགས་འདུ་ཚོགས་འདུག་པ་བཅས།
