
༄༅། །སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་དང་། སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༦ པའི་ཚེས་ ༢༣ ཉིན་ཤྲི་ན་སྒར་ཁུལ་ལ་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས་ཀྱིས། ཇ་མུ་ཀ་ཤི་མིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨོ་མར་ ཨབ་དྷུ་ལ་ (Shri Omar Abdullah, Chief Minister of J&K) མཆོག་དང་། མངའ་སྡེའི་བློན་ཆེན་མཆོག་གི་ལས་ཁུངས་ཀྱི་དྲུང་ཆེ་དང་དྲུང་ཆེ་གཞོན་པ་རྣམ་པ་གཉིས། མངའ་སྡེའི་བློན་ཆེན་མཆོག་གི་སྒེར་དྲུང་མཆོག་བཅས་དང་ལྷན་མཇལ་འཕྲད་གནང་ཡོད་འདུག

དེ་ཡང་ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྤྱི་འཐུས་རྣམ་པ་གཉིས་དང་། ལ་སྤྱི་སྐུ་ངོ་བཀྲ་ཤིས་དོན་གྲུབ་ལགས་བཅས་ནས་ཇ་མུ་ཀ་ཤི་མིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨོ་མར་ ཨབ་དྷུ་ལ་ (Shri Omar Abdullah, Chief Minister of J&K) མཆོག་ལ་མཇལ་བཅར་ཞུས་ནས། སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་ཏེ་འཚམས་འདྲི་ཞུས་རྗེས། ཤྲི་ན་སྒར་ས་གནས་སུ་གནས་སྡོད་བོད་མིའི་གཞིས་ཆགས་ཀྱི་ས་ཆ་གཅིག་གི་ཐད་དཀའ་ངལ་འཕྲད་བཞིན་པའི་བདེ་སྡུག་སྐོར་སྙན་སེང་ཞུས་པར། སྤྱི་ཁྱབ་བློན་ཆེན་མཆོག་ནས་འབྲེལ་ཡོད་ལས་བྱེད་ལྷན་བཀའ་བསྡུར་གྱིས་ཐག་གཅོད་ཞུ་ངེས་ཡིན་པའི་ཞལ་བཞེས་བཟང་པོ་ཕེབས་འདུག་པ་དང་། དེ་བཞིན་འབྲེལ་ཡོད་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། ཁོང་གི་ནང་མི་མི་རབས་ཁ་ཤས་རིང་ས་གནས་ཁྱབ་ཁོངས་བོད་མི་རྣམས་ལ་གཟིགས་རྟོག་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐེངས་མང་མཇལ་ཁ་ཞུས་ཏེ། བློ་ཐག་ཉེ་བོས་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་སོགས་ནི་བོད་མིའི་འཐབ་རྩོད་ལ་རེ་བ་དང་། སྤོབས་པ་བསྩལ་བ་ཡིན་པས་མ་འོངས་པར་ཡང་སྔར་ལྷག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་འདུག

གཞན་ཡང་སྤྱི་འཐུས་རྣམ་པས། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་ལས་ཁུངས་ཀྱི་དྲུང་ཆེ་དང་དྲུང་ཆེ་གཞོན་པ་རྣམ་གཉིས་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་སྒེར་དྲུང་བཅས་དང་ལྷན་མཇལ་འཕྲད་གནང་འདུག་པ་བཅས།