
༄༅། །སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། ཕྱི་ལོ་ ༢༠༢༦ ཟླ་ ༦ པའི་ཚེས་ ༢༢ ཉིན་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་དང་། སྤྱི་འཐུས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་མཆོག་རྣམ་གཉིས་ནས་རྡ་ས་ས་གནས་འགོ་འཛིན་ཁྱབ་ཁོངས་ཁག་ལ་འཚམས་གཟིགས་དབུ་འཛུགས་གནང་ཡོད་འདུག

དེ་ཡང་ཕྱི་ཚེས་ ༢༢ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩།༣༠ ཐོག་སྤྱི་འཐུས་རྣམ་པ་གཉིས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཆེད་ཕེབས་ཀྱིས། སྨན་རྩིས་ཁང་གི་སྡེ་ཚན་ཁག་ལ་གཟིགས་སྐོར་དང་། ཆུ་ཚོད་ ༡༡།༤༥ ལ་སྨན་རྩིས་ཁང་གི་ལས་སློབ་ཚང་འཛོམས་ཐོག།སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་མིའི་སྒྲིག་འཛུགས་ཡང་དག་པའི་མང་གཙོའི་ལམ་དུ་ཇི་ལྟར་བསྒྱུར་གནང་མཛད་ཚུལ་དང་། བཅའ་ཁྲིམས་ཀྱི་གལ་གནད་སྐོར་གསུངས་པ་དང་།

དེ་རྗེས་སྤྱི་འཐུས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་མཆོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལས། རྒྱ་གཞུང་གིས་བོད་མཐོ་སྒང་དུ་གཙང་ཆུ་བཀག་བསྐྱིལ་གྱིས་ཆུ་མཛོད་སྣ་ཚོགས་རྒྱག་བཞིན་པས། ཁོར་ཡུག་ཆགས་འཇིག་གནས་སྟངས་དང་། རྒྱ་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་འོག་བོད་ཀྱི་སྐད་ཡིག་གི་གནས་སྟངས་ཛ་དྲག་རང་བཞིན་དུ་འགྱུར་བཞིན་ཡོད་པའི་སྐོར་དང་། རྒྱལ་སྤྱིའི་ནང་བོད་དོན་དང་འབྲེལ་བའི་འགྱུར་འགྲོས་ལ། ཨ་རི་གཞུང་གིས་བོད་དོན་ཐོག་ཁྲིམས་འཆར་གཏན་འབེབས་རིམ་བྱུང་གི་འགྱུར་བ་དང་། དེ་འབྲེལ་རྒྱལ་སྤྱིའི་ནང་བོད་དོན་གནས་བབ་ཇི་ཆགས་སྐོར་ལ་གསུང་བཤད་གནང་རྗེས། དྲི་བ་དྲིས་ལན་གྱི་ལས་རིམ་བསྐྱངས་ཡོད་འདུག

ཉིན་རྒྱབ་ཆུ་ཚོད་ ༢།༠༠ པ་ནས་སྤྱི་འཐུས་རྣམ་གཉིས་གངས་སྐྱིད་དཔེ་སྟོན་སློབ་གྲྭར་འཚམས་གཟིགས་ཕེབས་ཤིང་། འཛིན་གྲྭ་དང་སློབ་གྲྭའི་ཁོར་ཡུག་ལ་གཟིགས་སྐོར་དང་། དེ་ནས་དགེ་ལས་རྣམས་ལ་གསུང་བཤད། དྲི་བ་དྲིས་ལན་གྱི་ལས་རིམ་ཆུ་ཚོད་ ༣།༠༠ པ་བར་བསྐྱངས་ཡོད་འདུག

ཆུ་ཚོད་ ༣།༣༠ ནས་སཾ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་དང་། དྷ་ཤོད་དཔེ་སྟོན་སློབ་གྲྭ། ཤེས་རབ་དགའ་ཚལ་སློབ་གླིང་བཅས་སུ་འཚམས་གཟིགས་གནང་ཞིང་། སྤྱི་ཁྱབ་ཡིག་ཚང་དང་། སློབ་གྲྭའི་ཁོར་ཡུག་ཏུ་གཟིགས་སྐོར་གནང་། ཆུ་ཚོད་ ༤།༡༥ ལ་དགེ་ལས་སློབ་ཕྲུག་ཚང་འཛོམས་ཐོག། སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྤྱི་དང་། བྱེ་བྲག་མང་གཙོའི་ལམ་སྲོལ་ཇི་ལྟར་བཏོད་གནང་མཛད་པའི་སྐོར། དེ་བཞིན་བོད་རིགས་ན་གཞོན་ཚོར་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་མཐུན་འགྱུར་གྱི་མཛད་འཕྲིན་རླབས་ཆེན་བསྐྱངས་པའི་སྐོར་དང་། དེར་འདུས་པའི་དགེ་སློབ་རྣམས་ནས་ཀྱང་སློབ་སྦྱོང་ལ་འབད་བརྩོན་དང་། སྔར་ལྷག་མདུན་བསྐྱོད་གནང་དགོས་པའི་སྐུལ་མ་གནང་།

དེ་རྗེས་སྤྱི་འཐུས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ་མཆོག་ནས་དགེ་ལས་སློབ་ཕྲུག་ཡོངས་ལ། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ། རྒྱ་གཞུང་གིས་བོད་མཐོ་སྒང་གི་ཁོར་ཡུག་གཏོར་བཤིག་གི་ལས་རིགས་ཇི་འདྲ་བརྩམས་དང་རྩོམ་བཞིན་ཡོད་པ་ལས། ཆུ་མཛོད་འཛུགས་བསྐྲུན་གྱི་ལས་འཆར་སོགས་ཀྱི་སྐོར་དང་། དེ་བཞིན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་འོག་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་འཆར་གྱི་སྲིད་བྱུས་ལག་བསྟར་དང་། དེའི་གནོད་འཚེ་དང་ཉེན་ཁ་ཅི་ཡོད། དེ་དག་ལ་བཙན་བྱོལ་བོད་མི་ཚོས་གདོང་ལེན་ཇི་ལྟར་བྱེད་དགོས་སྐོར། རྒྱལ་སྤྱིའི་ནང་བོད་དོན་དང་འབྲེལ་བའི་གནས་ཚུལ་སྐོར། ཨ་རི་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཆེན་པོ་ཕྱིན་པ་དང་། མཉམ་དུ་རྒྱལ་སྤྱིའི་ནང་བོད་དོན་གྱི་གནས་བབ་ཇི་ཆགས་སྐོར་བཅས་གསུང་བཤད་དང་། ཆུ་ཚོད་ ༥།༠༠ པར་ཉིན་དེའི་ལས་རིམ་ཡོངས་སུ་ལེགས་པར་གྲུབ་འདུག་པ་བཅས།
