སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་དང་སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་མཆོག་རྣམ་གཉིས་རྒྱ་གར་བྱང་ཤར་རྡོར་གླིང་དང་། བསུ་ན་མདའ་ས་གནས་འགོ་འཛིན་ཁྱབ་ཁོངས་ས་གནས་ཁག་ཅིག་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གཏན་ཁེལ་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་སྔ་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་དང་། སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༢༦ ནས་ཟླ་ ༣ ཚེས་ ༧ བར་རྒྱ་གར་བྱང་ཤར་རྡོར་གླིང་དང་། བསུ་ན་མདའ་ས་གནས་འགོ་འཛིན་ཁྱབ་ཁོངས་ས་གནས་ཁག་ཅིག་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༢༦ ཉིན་སོ་སོའི་བཞུགས་གནས་བྷན་རྡ་ར་དང་། བཞུགས་སྒར་རྡ་ས་སོ་སོ་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༧ ཉིན་རྒྱལ་ས་ལྡི་ལི་ནས་ཤི་ལི་གྷུ་རིར་ཕེབས་འབྱོར་གནང་རྒྱུ། ཕྱི་ཚེས་ ༢༨ ཉིན་བསུ་ན་མདའ་ས་གནས་འགོ་འཛིན་ཁྱབ་ཁོངས་དང་བཅས་སུ་ལས་རིམ། ཕྱི་ཟླ་ ༣ ཚེས་ ༡ ནས་ ༤ བར་རྡོར་གླིང་ས་གནས་འགོ་འཛིན་ཁྱབ་ཁོངས་པ་ཤུ་པ་ཏི་དང་། སུ་ཁེ། ཅི་ཏྲི། མ་ཎི་བྷ་ཇང་། སྤོག་རེ་སྤུང་བཅས་སུ་ལས་རིམ། ཕྱི་ཚེས་ ༥ ཉིན་ཤི་ལི་གྷུ་རི་ནས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་དང་། ཕྱི་ཚེས་ ༧ ཉིན་ལྡི་ལི་ནས་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །