སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ཉི་ཤུ་རྩ་གསུམ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །དེ་རིང་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་བླ་ན་མེད་པའི་མགོན་སྐྱབས་དང་། བླང་དོར་ལམ་སྟོན་པ། འཇིག་རྟེན་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེེན་པོ་མཆོག་ལ་སྙན་པའི་བ་དན་ཕྱོགས་བཅུར་གཡོ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ ༢༣ འཁོར་བའི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་འདིར་མཁའ་ཁྱབ་འགྲོ་བ་ཡོངས་ལ་བདེ་བའི་འདོད་རྒུ་འཇོ་བའི་གསང་གསུམ་གྱི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་དུས་ལས་གཡོལ་བ་མེད་པར་བསྐྱངས་དང་སྐྱོང་བཞིན་པར་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕྲན་གྱིས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་སྙིང་བཅངས་ཀྱིས་སྒོ་གསུམ་གུས་པས་ལྷ་ཕྱག་གྲངས་མེད་དང་བཅས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་རིང་ནི་རང་ཅག་གངས་ཅན་པ་རྣམས་སྨོས་ཅི། འཛམ་གླིང་ནང་མང་གཙོ་དང་། རང་དབང་། ཞི་བདེར་དགའ་བའི་སྐྱེས་བུ་ཡོངས་ནས་ཆོས་མཐུན་དགའ་སྐྱིད་ཀྱི་དཔལ་བཟང་ལ་རོལ་འོས་པའི་ཉིན་མོ་ཞིག་ཀྱང་ཡིན། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་ནང་པའི་ལྟ་སྤྱོད་ལྡན་པའི་བོད་ཀྱི་ཆོས་དང་རིག་གཞུང་། ཡ་རབས་ཀྱི་སྲོལ་བཟང་མི་ཉམས་རྒྱུན་འཛིན་མཛད་དེ་སྙིགས་མ་ལྔ་བདོའི་འཇིག་རྟེན་འདིར་བོད་ལྗོངས་འདི་ཉིད་ཞི་བདེའི་བསྟི་གནས་ཤིག་བསྐྲུན་རྒྱུར་གཞལ་དཀའ་བའི་དགོངས་གཞི་ཟབ་མོས་བོད་འབངས་རྣམས་འཚེ་མེད་ཞི་བའི་ལམ་དུ་དཀྲི་བར་མཛད་པ་དང་། ལྷག་པར་དུ་གུ་ཡངས་ལ་རྒྱ་ཆེ་བའི་གཉིས་སྨན་དབུ་མའི་ལམ་བཟང་མངོན་པར་གཏོད་དེ་འཚེ་མེད་ཞི་བའི་སྒོ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་མཛད་པའི་རླབས་ཆེན་གྱི་མཛད་བཟང་དང་། འཛམ་གླིང་སྐྱེ་བོ་ཡོངས་ཀྱིས་ཀུན་ཁྱབ་འགན་འཁུར་གྱིས་ཁོར་ཡུག་སྲུང་སྐྱོབ་དང་། བདག་གཞན་མཉམ་བརྗེ་ཡིས་འཁྲུག་རྩོད་ཞི་ཐབས། འགྲོ་བ་ཡོངས་ཀྱི་མངོན་འདོད་ཀྱི་བསམ་པ་རང་བདེ་གཞན་སྐྱིད་ཀྱི་འཛམ་གླིང་ཞི་བདེ་བྱམས་པ་དང་བརྩེ་བས་སྐྱོང་ཐབས། ཆོས་ལུགས་མཛའ་མཐུན་གོང་འཕེལ་གྱིས་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་གཏོང་ཐབས་སོགས་ཀྱི་ལམ་སྟོན་ཆུ་བོའི་རྒྱུན་བཞིན་རྟག་ཏུ་སྨིན་བསྩལ་གནང་དང་གནང་བཞིན་པའི་རླབས་ཆེན་མཛད་འཁུར་གྱི་འཕྲིན་ལས་བསམ་བརྗོད་ལས་འདས་པར་བརྟེན། དཔྱོད་ལྡན་ཀུན་གྱིས་མངོན་པར་བསྟོད་དེ་གཟེངས་རྟགས་བརྒྱ་ཕྲག་ལས་འདས་པ་འབུལ་ལམ་ཞུས་ཡོད་པ་ཙམ་དུ་མ་ཟད། ཕྱི་ལོ་ ༡༩༨༩ ལོའི་ཟླ་བ་ ༡༢ པའི་ཚེས་ ༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་མགོན་པོ་གང་ཉིད་ལ་ཆེས་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོར་མངའ་གསོལ་ཏེ་འཛམ་གླིང་མཛེས་པའི་རྒྱན་མཆོག་དམ་པར་གྱུར་བར་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན།

དེ་མཚུངས་མགོན་པོ་གང་ཉིད་ཀྱི་དགོངས་མཆོག་གསུམ་ལྡན་གྱི་རླབས་ཆེན་མཛད་བཟང་ལ་ཡི་རངས་གུས་བཀུར་བླ་མེད་དང་བཅས་འཛམ་གླིང་ཡུལ་གྲུ་གང་སའི་གནད་ཡོད་མི་སྣ་དང་མི་མང་དུང་ཕྱུར་མང་པོས་གང་གི་བཀའ་དགོངས་ཟབ་མོ་དང་དུ་བླངས་ནས་འཛམ་གླིང་ནང་ཀུན་ཕན་གྱི་བྱ་གཞག་སྒྲུབ་བཞིན་པ་ཙམ་དུ་མ་ཟད་རང་རེའི་བོད་དོན་གྱི་བདེན་པར་རྒྱབ་སྐྱོར་རབས་དང་རིམ་པ་གནང་དང་གནང་མུས་སུ་ཡོད། དེས་ན་ང་ཚོས་དེ་རིང་གཟི་བརྗིད་དང་རྒྱལ་ཁའི་ཉིན་མོ་འདི་སྲུང་བརྩི་ཞུ་བ་དང་སྦྲགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་མངོན་པར་བྱང་ཆུབ་པའི་ཐུགས་བསྐྱེད་ལས་འཁྲུངས་པའི་བྱམས་སྙིང་རྗེ་དང་། བརྩེ་བས་མིའི་སྤྱི་ཚོགས་ནང་ཕྱི་དངོས་པོའི་ཡར་རྒྱས་ཙམ་མིན་པར་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐབས་སུ་གཞན་ཕན་ལྷག་བསམ་ཡ་རབས་བཟང་སྤྱོད་བཅོས་མ་མ་ཡིན་པ་ལག་ལེན་དུ་བསྟར་ཏེ། རང་དང་གཞན། ཁྱིམ་ཚང་། མི་རིགས། སྤྱི་ཚོགས། རྒྱལ་ཁབ་བཅས་ཀྱི་དབར་ཞི་བདེ་བསྐྲུན་ཐབས་ལ་འབད་དགོས་པ་དང་། དམིགས་བསལ་གཞོན་སྐྱེས་ཚོར་དུས་རབས་ཉེར་གཅིག་པ་འདི་གྲོས་མོལ་དང་ཞི་བདེའི་དུས་རབས་ཤིག་བསྐྲུན་དགོས་པའི་བཀའ་སློབ་གསུང་གི་བྱིན་རླབས་ཡང་ཡང་སྨིན་བསྩལ་ལྟར། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་མགོན་པོ་གང་གི་བཀའ་དགོངས་བཟང་པོ་སྙིང་ཁོང་དུ་བཅངས་ཏེ། བོད་མི་རིགས་ཀྱི་གཅེས་ནོར་གཞན་ཕན་ལྷག་བསམ་གྱི་ཡ་རབས་བཟང་སྤྱོད་ཉམས་པ་སོར་ཆུད་མི་ཉམས་རྒྱུན་འཛིན་ཐོག ཡང་དག་པའི་དབུ་མའི་ལམ་དང་འཚེ་མེད་ཞི་བའི་ལྟ་གྲུབ་གཞི་རྩར་བཟུང་སྟེ་བོད་ཀྱི་རྩ་དོན་ལ་སྨན་པའི་རྡོག་རྩ་ཆིག་སྒྲིལ། སྐྱིད་སྡུག་མཉམ་མྱོང་། རིག་གཞུང་གཅེས་འཛིན། སྐད་ཡིག་བཀོལ་སྤྱོད་སོགས་ཞུ་སྒོ་མཐའ་དག་ལ་འབད་བརྩོན་ལྷོད་པ་མེད་པ་གནང་དགོས་རྒྱུ་ནི་དོན་གྱི་སྙིང་པོ་ཡིན།

དེ་རིང་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་བའི་ཉིན་མོ་ཡིན་པ་ཙམ་དུ་མ་ཟད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་གནང་ནས་མི་ལོ་ ༦༤ ཟིན་པའི་དུས་ཚིགས་འདིར་ཕྲན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཉེ་ལམ་འཕོ་འགྱུར་བྱུང་བའི་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོར་འབོད་སྐུལ་ཞུ་རྒྱུར། གནའ་ནས་བོད་རྒྱ་གཉིས་ལོ་རྒྱུས་ཡུན་རིང་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་རྩོད་མེད་ཡིན་རུང་རྒྱ་ནག་གུང་ཁྲན་ཚོགས་པས་རྒྱ་ནག་ལ་དབང་བསྒྱུར་བྱས་རྗེས་བོད་ས་ཡོངས་རྫོགས་བཙན་འཕྲོག་བྱས་ཏེ། བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་རྒྱུའི་རེ་ངན་བཅངས་ཏེ་བོད་ས་བདག་བཟུང་དང་བོད་མིར་རྡུང་རྡེག་གཏོང་བའི་ལོག་ལམ་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པར་བརྟེན། བོད་ནང་གི་བོད་མི་ཚོས་འགྲོ་བ་མིའི་ཐོབ་ཐང་དང་ཡོངས་སུ་འགལ་བའི་རྒྱ་ནག་གཞུང་གི་སྲིད་བྱུས་དེ་དག་ལ་དང་ལེན་བྱ་ཐབས་བྲལ་ཏེ་ཞི་རྒོལ་འདྲ་མིན་སྣ་ཚོགས་སྤེལ་དགོས་བྱུང་བ་དང་། ཏང་གི་འགོ་ཁྲིད་རྙིང་པ་ཚོས་དངོས་ཐོག་བདེན་འཚོལ་ཞེས་རྟག་ཏུ་བཤད་བཞིན་ཡོད་ནའང། བོད་ནང་གི་དངོས་ཡོད་ཀྱི་དཀའ་ངལ་སེལ་རྒྱུའི་ཚབ་ཏུ་སྲིད་གཞུང་ཞིག་གིས་རང་གི་ཆབ་འབངས་ལ་ལྟ་ཚུལ་ལྟར་མེད་ཐོག བོད་མིར་སྤུན་ཟླ་མི་རིགས་ཀྱི་འདུ་ཤེས་ཙམ་ཡང་མི་འཛིན་པར་ད་དུང་མེས་རྒྱལ་ཁ་བྲལ་ཟེར་བའི་ཞྭ་མོ་གཡོགས་ཏེ་འགྲོ་བ་མིའི་ཐོབ་ཐང་དང་ཡོངས་སུ་འགལ་བའི་རྡུང་རྡེག་ཚ་ནན་ཞེས་པའི་དྲག་གནོན་བྱས་རྐྱེན་བོད་མིའི་ཞི་རྒོལ་མཚམས་ཆད་མེད་ལ།

ད་བར་བོད་མི་སེར་སྐྱ་ཕོ་མོ་ཁྱོན་ ༩༡ དང་དེའི་ནང་ནས་འདས་མ་ཐག་པའི་ཕྱི་ཟླ་ ༡༡ པ་གཅིག་པུའི་ནང་བོད་མི་གྲངས་ ༢༨ ཀྱིས་ཚོར་ཤུགས་ཧ་ཅང་ཆེན་པོའི་ངང་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་ཡོད། འོན་ཀྱང་རྒྱ་ནག་གི་འགོ་ཁྲིད་ཚོས་ཕྱིའི་རྒྱལ་ཁབ་ཁག་ཏུ་མེས་རྒྱལ་བརྟན་ལྷིང་ཡིན་ཚུལ་སོགས་རྫུན་གཏམ་བཤད་དེ་བོད་ནང་གི་དངོས་ཡོད་ཀྱི་གནས་ཚུལ་ངོ་མ་རྣམས་འགེབ་སྲུང་ཁོ་ནའི་ཆེད། ཕྱིའི་རྒྱལ་ཁབ་དང་རང་དབང་ཅན་གྱི་གསར་འགོད་པ་བོད་ནང་དུ་འགྲོ་སྐྱོད་མི་ཆོག་པར་གསར་འགོད་ཀྱི་རང་དབང་མེད་ཁར། དེང་རབས་འཛམ་གླིང་ནང་སྐྱེ་བོ་ཀུན་གྱིས་སྤྱོད་བཞིན་པའི་དྲྭ་རྒྱ་དང་ཁ་པར་གྱི་བརྒྱུད་ལམ་ཁག་ཡན་ལ་སྟངས་འཛིན་གྱིས་བོད་མི་ཚོའི་འགྲོ་བ་མིའི་སྨྲ་བརྗོད་ཀྱི་རང་དབང་ཡོངས་རྫོགས་འཕྲོགས་ནས། བོད་ས་གང་སར་དྲག་པོའི་དམག་ཤུགས་ཀྱིས་ཉེས་མེད་བོད་མི་མང་པོ་འཛིན་བཟུང་བྱས་ཏེ་སྲོག་ཁྲིམས་དང་དུས་བཀག་བཙོན་འཇུག གར་འཁྲིད་ཆ་མེད་དུ་གྱུར་པ་སོགས་བྱས་དང་བྱེད་བཞིན་པ་འགྲོ་བ་མིའི་བྱ་སྤྱོད་ལས་འདས་པའི་གདུག་རྩུབ་ཀྱི་སྲིད་བྱུས་དེ་དག་འཕྲལ་དུ་མཚམས་འཇོག་གནང་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན།

རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་ཁག་གཙོས། ཟླ་བ་སྔོན་མའི་ཚེས་ ༩ ཉིན་རེབ་གོང་དུ་སློབ་མས་ཞི་བའི་སྐད་འབོད་གནང་བ་དང་། ཚེས་ ༢༦ ཉིན་མཚོ་ལྷོ་ཆབ་ཆར་སློབ་མའི་རྔམ་སྟོན་ཁྲོམ་སྐོར་གྱིས་སྐད་འབོད་གནང་བའི་ལས་འགུལ་སོགས་མུ་མཐུད་འབྱུང་བཞིན་པ་ཡིན་རུང་། དེའི་རྒྱུ་རྐྱེན་ནི་གུང་ཁྲན་ཚོགས་པས་བོད་སར་བཙན་འཛུལ་བྱས་ཏེ་མི་ལོ་ ༦༣ རིང་ལ་གུང་ཁྲན་གྱི་ལྟ་གྲུབ་མི་རིགས་དང་གྲལ་རིམ་དབྱེ་འབྱེད་ཀྱིས་བོད་ས་འདོད་ཀྱང་བོད་མི་མི་འདོད་པའི་རྡུང་རྡེག་གཏོང་རྒྱུའི་སྲིད་བྱུས་མུ་མཐུད་ལག་བསྟར་བྱས་དང་བྱེད་བཞིན་པའི་རྐྱེན་གྱིས་ཡིན་པས། ད་དུང་བོད་མིའི་མངོན་འདོད་དང་མི་འཚམས་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་འགྱུར་བ་མ་བཏང་ན་བོད་ས་ཁྱོན་ཡོངས་སུ་ད་ལྟའི་གནས་ཚུལ་འདི་ལས་ཀྱང་ལྷག་པར་འགྱུར་མི་སྲིད་པ་མིན་པའི་འགན་ཡོངས་རྫོགས་དང་། འདི་ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡོངས་བསྒྲགས་གསར་འགོད་ལྷན་ཚོགས་བསྐྱངས་པའི་དོན་གནད་ཁག་ལ་རྒྱ་གཞུང་གིས་ཡ་ལན་བསམ་གཞིགས་གང་ཡང་བྱས་མེད་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་རྒྱལ་སྤྱིའི་ཁྱོན་ཡོངས་སུ་གསལ་བསྒྲགས་ཞུ་སྐུལ་དང་། གཞི་རྒྱ་ཆེ་བའི་ལས་འགུལ་མི་སྤེལ་ཐབས་མེད་གྱུར་པའི་འགན་ཡོངས་རྫོགས་བཅས་རྒྱ་ནག་གཞུང་གིས་འཁྱེར་དགོས།

དེར་བརྟེན་བོད་མི་རིགས་ཀྱི་རང་དབང་དང་བདེན་པའི་འཐབ་རྩོད་གནང་མཁན་བོད་མི་སེར་སྐྱ་ཕོ་མོ་ཡོངས་དང་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་དང་རྒྱ་ནག་གི་མང་གཙོ་དོན་གཉེར་བ་སྐུ་ཞབས་ལེའུ་ཞའོ་པའོ་སོགས་གུང་ཁྲན་སྲིད་གཞུང་གི་བཙོན་འོག་ཏུ་གནས་པའི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་གློད་འགྲོལ་བཏང་སྟེ་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད་རང་དབང་གིས་དབུལ་ཞིང་ཕོངས་པ་འདི་དག་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་བསྒྱུར་བཅོས་འཕུར་མཆོང་ལྟར་མགྱོགས་ནས་མྱུར་དུ་བྱ་རྒྱུའི་དུས་ལ་བབས་ཡོད།

བོད་ནང་གི་ཛ་དྲག་ཅན་གྱི་གནས་སྟངས་ལ་གཞིགས་ཏེ་འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༦ ཉིན་ནས་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་དེ་ཉིད་གླིང་ཆེན་ལྔ་ཡི་རྒྱལ་ཁབ་ ༣༠ ལྷག་ནང་དངོས་སུ་སྐོར་བསྐྱོད་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་ལ་འབུལ་རྒྱུའི་བོད་དོན་ཞུ་སྙན་སྟེང་རྒྱལ་ཁབ་ཁག་ ༩༠ ལྷག་ནས་ས་རྟགས་གྲངས་ ༣༥༡༠༠༠ བསྡུ་རུབ་ཞུས་ཏེ། དེ་རིང་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་དྲུང་ཆེའི་ལས་ཁུངས་དང། སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ལས་ཁུངས། དེ་བཞིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་བཅས་སོ་སོར་བདེན་པའི་མེ་ལྕེ་རེ་རེ་དང། སྙན་ཞུ། བསྡུ་རུབ་ཟིན་པའི་ས་རྟགས་ཕྱོགས་བསྒྲིགས་ཞུས་པ་ཁག་འབུལ་ལམ་གྱིས་ལས་འགུལ་མཇུག་སྒྲིལ་ཞུ་རྒྱུ་ཡིན་པ་ལྟར་མཉམ་འབྲེལ་རྒྱལ་ཚོགས་ནས་ཀྱང་བོད་ཀྱི་གནད་དོན་སྤྱི་དང་། ལྷག་པར་ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་ལ་དགོངས་པ་ཆེ་བཞེས་ཀྱིས་ང་ཚོའི་དགོས་འདུན་ཁག་ལ་དོན་ཕན་ལྡན་པའི་བདག་སྤྲོད་ཡོང་བའི་རེ་སྐུལ་ཤུགས་ཆེ་ཞུ་རྒྱུ་དང་། དཔལ་ལྡན་བཀའ་ཤག་གིས་བཀོད་ཁྱབ་སྔོན་གནང་ལྟར་དེ་རིང་གི་ཉིན་མོ་འདིར་རང་རིགས་བོད་མི་ཡོངས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཁ་ཚ་དགོས་གཏུགས་ཀྱི་གདུང་སེམས་མཉམ་སྐྱེད་ཞུ་རྒྱུའི་ལས་འགུལ་རྒྱ་གང་ཆེ་སྤེལ་བཞིན་ཡོད།

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པའི་གྲོས་ཆོད་དགོངས་དོན་བོད་དོན་གདུང་སེམས་མཉམ་སྐྱེད་ཀྱི་ཉིན་མོ་ (International solidarity Day for Tibet) ཞེས་ལོ་ལྟར་ཕྱི་ཟླ་ ༥ པའི་ཚེས་ ༡༧ ཉིན་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་བཟུང་བྱས་ཏེ་གར་ཡོད་ཆ་མེད་དུ་གྱུར་པའི་ཉིན་མོ་དང་སྟབས་བསྟུན་སྲུང་བརྩི་ཞུ་རྒྱུར་བཀའ་སྤྱི་ཐུན་མོང་གིས་གཏན་འབེབས་གནང་ཡོད་པ་ལྟར། ལས་འགུལ་འདི་ཉིད་རྒྱལ་སྤྱིའི་ཁྱོན་དུ་རྒྱ་ཆེ་ལ་ཕན་རླབས་ལྡན་པའི་ངང་སྤེལ་ཐུབ་རྒྱུར་ཕྱོགས་ཚང་མས་མཉམ་རུབ་ཡོང་བའི་འབོད་སྐུལ་ཞུ་རྒྱུ།

གཞན་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ཕྱི་ལོ་ ༢༠༡༢ ཟླ་བ་ ༩ པའི་ཚེས་ ༢༥ ནས་ཚེས་ ༢༨ བར་བསྐོང་ཚོགས་གནང་བའི་རྒྱབ་གཉེར་སྙན་ཐོ་ཁག་ཕྱག་ལེན་མཇུག་སྐྱོང་གནང་ཕྱོགས་སྐོར་ལ་བཀའ་སྤྱི་སོ་སོ་དང་། བཀའ་སྤྱི་ལྷན་ཚོགས་བཅས་ཐེངས་འགའ་གནང་སྟེ་བཀའ་བསྡུར་ཞིབ་ལྷུག་གིས་ཐག་གཅོད་རྣམས་ཡོངས་ཁྱབ་གསལ་བསྒྲགས་གནང་ཟིན་པ་ལྟར་གཞུང་སྒེར་འབྲེལ་ཆགས་ཡོངས་ནས་ཞུ་སྒོ་མཐའ་དག་ལྷོད་མེད་བསྒྲུབ་དགོས་པའི་གསལ་འདེབས་ཞུ་རྒྱུ།

གཞིས་ལུས་བོད་མིས་བར་མཚམས་མེད་པར་རང་ལུས་མེར་བསྲེགས་སོགས་གནང་སྟེ་མི་སྤྱོད་ལས་འདས་པའི་རྒྱ་གཞུང་གི་སྲིད་བྱུས་ལ་ཞི་རྒོལ་གནང་དང་གནང་བཞིན་པར་དྲག་གནོན་གྱི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་ཉེན་ཆེ་བའི་ཛ་དྲག་གཉན་འཕྲང་ཅན་འདིར་བློས་འགན་བཟོད་ཐབས་བྲལ་ཏེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༡ པོའི་ཚེས་ ༡ ཕྱི་ལོ་གསར་ཚེས་ཉིན་མོ་ནས་བཟུང་ཟླ་གཅིག་ཙམ་རིང་། རྒྱ་གར་ལྷོ་ཕྱོགས་དང་། བྱང་ཕྱོགས། བྱང་ཤར་བཅས་བརྒྱུད་དེ་མངའ་སྡེ་སོ་སོའི་ལྟེ་གནས་ཀྱི་དཔོན་རིགས་དང་། གསར་འགོད་པ། མི་མང་བཅས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་ཆེད་སྤྱི་འཐུས་དྲུག་རེས་སྣེ་འཁྲིད་པའི་མི་མང་མཉམ་ཞུགས་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་འཆར་ཡོད་པ་དང་། ལས་འགུལ་གཞན་ཁག་ཀྱང་བང་སྒྲིག་བཞིན་ཡོད་པས་བོད་མི་ཚང་མས་ཕྱར་གྲུ་མཉམ་འདེགས་དགོས་རྒྱུ།

དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་རྒྱབ་གཉེར་སྙན་ཐོའི་དགོངས་དོན་བོད་བསྟན་སྲིད་མི་རིགས་ཆེད་རང་སྲོག་བློས་བཏང་གནང་མཁན་རྣམས་ཀྱི་ཤུལ་ལུས་ནང་མི་ཉེ་འབྲེལ་སོགས་ལ་མྱ་ངན་ཐུགས་གསོའི་གདུང་སེམས་མཉམ་བསྐྱེད་ཆེད་ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༡ ཚེས་ ༣༠ རེས་གཟའ་ལྷག་པའི་ཉིན་འགོ་འཛུགས་ཀྱིས་ཉིན་ ༤ རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཀའ་སྤྱི་ཐུན་མོང་གིས་སྣེ་འཁྲིད་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཞུང་མང་ཡོངས་ནས་ཉིན་བརྒྱ་དུས་གཅིག་གི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་འཆར་ཡོད་པ་བཞིན་ལས་དོན་ལག་བསྟར་བྱེད་ཕྱོགས་རིམ་བཞིན་གསལ་བསྒྲགས་ཡོང་རྒྱུ་ལྟར་བོད་མི་གནས་ཡུལ་ས་གནས་ཡོངས་ནས་མ་གོ་མ་ཐོས་མེད་པར་མི་མང་རྣམས་མཉམ་ཞུགས་ཐུབ་པ་དགོས་རྒྱུ་དང་། གསལ་བསྒྲགས་སྔོན་སོང་བཞིན་བོད་མིའི་སྒྲིག་འཛུགས་ངོས་ནས་ལས་འགུལ་ཇི་ལྟར་སྤེལ་རུང་འཚེ་བ་མེད་པ་དང་། ཡུལ་ཁྲིམས་དང་མཐུན་པ། ཆེ་མཐོང་ལྡན་པ་བཅས་ཀྱི་ཐོག་ནས་སྤེལ་བཞིན་ཡོད་པས་ལངས་ཕྱོགས་དེ་དག་དང་མི་འགལ་བ་གནང་རྒྱུ་ཀུན་གྱིས་ཐུགས་སྣང་དགོས་པ་ཞུ་རྒྱུ་ཡིན།

ད་བར་བོད་ཀྱི་ཛ་དྲག་གནས་སྟངས་ལ་ཐུགས་ཁུར་ཆེར་བསྐྱེད་ཀྱིས་རྒྱབ་སྐྱོར་དང་བདག་སྐྱོང་གནང་མཁན་རྒྱལ་སྤྱིའི་ཁྱོན་གྱི་རྒྱལ་ཁབ་དང་། གྲོས་ཚོགས། དབུ་ཁྲིད། མི་མང་བཅས་ལ་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། འཛམ་གླིང་གང་སར་གནས་བཞུགས་བོད་མི་རྣམས་ཀྱིས་ཀྱང་རང་རང་གནས་ཡུལ་རྒྱལ་ཁབ་སོ་སོའི་གཞུང་དང་མི་མང་གི་བཀའ་དྲིན་སྙིང་བཅངས་ཀྱིས་སྔར་ལྷག་མཐུན་ལམ་ལྷོད་མེད་གནང་རྒྱུ་དང་། ཁྱད་པར་དུ་མཆོད་པའི་ནང་ནས་མཆོག་ཏུ་གྱུར་པ་མགོན་པོ་གང་གིས་ཅི་གསུང་བཀའ་བཞིན་བསྒྲུབ་སྟེ། ཡོངས་རྫོགས་བོད་ལྗོངས་རང་དབང་འཐབ་རྩོད་ལ་སྨན་པའི་ཞུ་སྒོ་མཐའ་དག་སྒོ་ཀུན་ནས་ལྷོད་གཡེང་མེད་པར་འབད་ཐབས་གནང་གལ་ཆེ་བའི་འབོད་སྐུལ་ཞུ་རྒྱུ་བཅས་དང་།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༢ ཟླ་བ་ ༡༢ པའི་ཚེས་ ༡༠ ལ།།