སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་གི་ཕྱག་དེབ་དབུ་འབྱེད་མཛད་པ།

img_5908
ད་རིང་ ཟླ་ ༡༡ ཚེས་ ༡ ཉིན་སྔ་དྲོའི་ཆུ་ཚོད་ ༩༠།༣༠ ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་གིིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁོང་གི་ཕྱག་དེབ་དབུ་འབྱེད་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་པ་ལྟར་གོང་ཉིན་གནང་རྒྱུའི་བཀའ་བཞེས་ཇི་ཐོབ་བཞིན་ཕྱག་དེབ་དབུ་འབྱེད་དང་འབྲེལ་བའི་མཛད་སྒོ་ཞིག་བསྐྱངས་གནང་ཡོད།   སྐུ་ཞབས་ཤན་ཏ་ཀུ་མར་མཆོག་དང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་ཕོ་བྲང་ནས་གདན་ཞུས་གནང་ཡོད་པ་དང་།  མཛད་རིམ་གྱི་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་དང་ཁོང་གི་སྐུ་ཟླས་ལྗགས་རྩོམ་གནང་བའི་ཕྱག་དེབ་གསུམ་དབུ་འབྱེད་གནང་ཡོད་པ་མ་ཟད།  རྩོམ་པ་པོ་ཧིམ་ར་ཇ་ཀོ་ཤི་མཆོག་ནས་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་གི་མི་ཚེའི་ལོ་རྒྱུས་སྙིང་བསྡུས་ཐོག་གསུང་བཤད་གནང་བ་དང་།

img_5934

དེ་རྗེས་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་ནས་མཛད་པའི་ཕྱག་དེབ་ཧི་མ་ལ་ཡར་དམར་པོའི་དྲག་གནོན་གྱི་ཁྱབ་ཞེས་པའི་དཔེ་དེབ་དེ་ཉིད་ ༡༩༦༥ ལོར་དཔར་བསྐྲུན་ཞུས་གནང་ཡོད། ད་རིང་སླར་ཡང་མི་ལོ་ ༥༠ ནང་བོད་དང་རྒྱ་དཀར་ནག་དབར་གནད་དོན་བྱུང་བ་ཁག་ཕྱོགས་བསྒྲིགས་ཐོག་དཔར་སྐྲུན་ཞུས་ཡོད་པས་དེའི་སྔོན་གླེང་ལ་དཔེ་དེབ་སྔ་ཕྱི་གཉིས་ཀར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསུང་འཕྲིན་སྩལ་གནང་མཛད་ཡོད་པས་ནང་དོན་ཐོག་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་ནས་གསུང་བཤད་ནས་ལུང་འདྲེན་དང་། ལྷག་པར་བོད་ལ་དོན་རྐྱེན་བྱུང་བའི་གནད་དོན། རྒྱ་དཀར་ནག་གཉིས་བར་ད་ཆ་དཀའ་རྙོག་ཇི་ཡོད་ཐོག་གསུང་བཤད་གནང་ཡོད། དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གལ་ཆེ་ཁག་གནང་གསལ་དུ། སྐུ་ཞབས་ཤན་ཏ་ཀུ་མར་མཆོག་ངོས་ཀྱི་གྲོགས་པོ་རྙིང་པ་ཡིན་པ་དང་། ཁོང་གི་མི་ཚེ་མང་ཆེ་བ་ཆབ་སྲིད་ནང་བསྐྱལ་ཟིན་པས། མི་མང་པོས་ཁོང་གིས་ལས་དོན་ཡག་པོ་གནང་གི་ཡོད་པའི་གཟིགས་ཚུལ་ཡོད་པ་རེད། ད་རིང་ཁོང་གི་ལོ་རྒྱུས་དང་འབྲེལ་བའི་ཕྱག་དེབ་ཞལ་དབྱེའི་མཛད་སྒོའི་ཐོག་ཁོང་ལ་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད་པ་མ་ཟད། དུས་རབས་ཉི་ཤུ་པ་དེ་དམག་འཁྲུགས་དང་འཁྲུག་ཆ་དོད་པོའི་དུས་རབས་ཅིག་ཡིན་པ་དང་།

img_5943

རང་རྒྱལ་གཞན་ཕམ་གྱིས་བསམ་པའི་ཀུན་ནས་བླངས་ཏེ་བྱུང་བས་གནད་དོན་ག་རེ་ཐག་བཅོད་བ་བྱས་ཀྱང་དྲག་པོའི་དཔུང་གི་ལམ་ནས་ཐག་གཅོད་བྱས་པས་ལན་པ་ཞིག་རེད། དུས་རབས་ ༢༡ ནི་བྱམས་བརྩེའི་དུས་རབས་ཤིག་བསྐྲུན་དགོས་ཞེས་ངོས་ཙམ་མ་ཟད། མཁས་པ། ཚན་རིགས་པ་སོགས་ཀྱི་བསམ་ཚུལ་འདོན་གྱི་འདུག་པས་ཤེས་ཡོན་དང་རྣམ་དཔྱོད་ཀྱི་སྩལ་ཕུན་སུམ་ཚོགས་པའི་ལམ་ནས་འཚེ་མེད་ཞི་བའི་དུས་རབས་ཤིག་བསྐྲུན་དགོས་པ་སོགས་གལ་ཆེའི་བཀའ་སློབ་བཀའ་དྲིན་སྩལ་གནང་ཡོད་པ་རེད། དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་དོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་དང་། ལྕམ་སྐུ་སན་ཏོ་ཤི་མཆོག དེ་བཞིན་རྩོམ་པ་པོ་ཧིམ་ར་ཇ་ཀོ་ཤི་བཅས་ཀྱི་དཔེ་དེབ་དབུ་འབྱེད་སྩལ་གནང་མཛད་པས་ངོས་གོ་སྒྲིག་ཞུ་གྱི་ངོས་ནས་བླ་ན་མེད་པའི་བཀའ་དྲིན་ཆེ་ཞུ་རྒྱུ། དེ་བཞིན་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་གི་དཔེ་དེབ་ཀྱི་ནང་དོན་ནང་བརྒྱ་ཆ་ ༥༠ ལྷག་བོད་ཀྱི་གནད་དོན་དང་འབྲེལ་བའི་ལོ་རྒྱུས་ཚད་ལྡན་ཞིག་བྲིས་གནང་ཡོད་པ་དང་། ལྷག་པར་ད་ལྟ་བར་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་ཡོད། ཁོང་གིས་སྣེ་འཁྲིད་པའི་འོག་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་མང་དག་ཞིག་གནང་ཐུབ་ཀྱི་ཡོད་པ་དང་། ད་དུང་ཡང་ལས་འཆར་མང་དག་ཅིག་ཡོད་སྟབས་དེར་དམིགས་བསལ་གྱིས་བོད་ཕྱི་ནང་གཉིས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད། དེ་བཞིན་ད་རིང་གི་འདུ་འཛོམས་ཐོག་ཕྱག་འབྲེལ་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། གཞན་ཡང་ཕྱི་ནང་གི་སྐུ་མགྲོན་རྣམས་ལ་དམིགས་བསལ་གྱི་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། དཔེ་དེབ་དཔར་སྐྲུན་ཁང་ནས་ལོ་རྒྱུས་ཅན་གྱི་དཔེ་དེབ་དེ་ལྟ་བུ་དཔར་སྐྲུན་གནང་བར་ཐུགས་རྗེ་ཞུ་རྒྱུ་དང་སྦྲགས། དཔེ་དེབ་དེ་ཉིད་འབྱུང་འགྱུར་མང་ཚོགས་ནང་འགྲེམས་སྤེལ་ཞུ་རྒྱུའི་འབོད་སྐུལ་ཞུས་གནང་ཡོད་པའི་གནས་ཚུལ་དུ།།

img_5948