སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ ༣༦ ཧྲིལ་པོ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག  བོད་ཁ་བ་ཅན་གྱི་ལྷ་སྐལ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་སྡོམ་བརྩོན་ངུར་སྨྲིག་འཛིན་པའི་རྣམ་པར་རོལ་པ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་དེ་རིང་མི་ལོ་ཧྲིལ་པོ་ ༣༦ འཁོར་བའི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་མོ་འདིར། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་བཀའ་དྲིན་རྗེས་དྲན་དང་བཅས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

༸གོང་ས་མཆོག་སྐུ་ན་ཕྲ་མོའི་དུས་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བདག་གིར་བཞེས་ཤིང་། རྒྱ་གཞུང་གིས་བོད་རྒྱལ་ཁབ་བཙན་བཟུང་བྱས་རྐྱེན་ཕྱི་ལོ་ ༡༩༥༩ ལོར་ྋགོང་ས་མཆོག་གིས་དབུས་བོད་མི་ཁྲི་ཚོ་བརྒྱད་ཙམ་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་བྱུང་། རྒྱ་གར་གཞུང་གིས་སྣེ་ལེན་མཐུན་འགྱུར་དང་ྋགོང་ས་མཆོག་གིས་ཕུགས་རྒྱང་རིང་པོའི་དགོངས་དཔྱད་ཀྱིས་བཙན་བྱོལ་བོད་གཞུང་གསར་བཙུགས་དང་། བོད་མི་སྐྱབས་བཅོལ་བ་རྣམས་སྡོད་གནས་གཞིས་ཆགས་དང་། དགོན་སྡེ་ཁག། སློབ་གྲྭ། བོད་ཀྱི་སྨན་རྩིས་ཁང་མ་ལག རིག་གཞུང་གཅེས་སྐྱོང་ཁང་སོགས་ཀྱིས་བོད་མི་རིགས་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་བཞིན་རིམ་པས་ཆ་ལག་ཚང་བའི་མང་གཙོའི་སྒྲིག་འཛུགས་ཤིག་ཏུ་བསྒྱུར་གནང་མཛད་ཅིང་། ད་ཆ་བོད་དང་བོད་མིའི་གནས་བབ་ལ་འཛམ་གླིང་ཐོག་དོ་སྣང་ཆེན་པོ་ཡོང་གཞི་ཞིག་ཏུ་གྱུར་ཡོད།

༸གོང་ས་མཆོག་གིས་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པ་ཉམས་སུ་བཞེས་ཏེ་འཇིག་རྟེན་ཁྱོན་ཡོངས་སུ་འཚེ་མེད་ཞི་བའི་ལམ་སྟོན་མཛད་པོའི་འདྲེན་པ་བླ་ན་མེད་པ་ཞིག་ཡིན་པ་མ་ཟད། བོད་དོན་འཚེ་མེད་ཞི་བའི་ལམ་འབའ་ཞིག་ཏུ་བརྟེན་ནས་གྲོས་མོལ་བརྒྱུད་དཀའ་སེལ་ཐབས་ལམ་མཛད་ཅིང་། འཇིག་རྟེན་ཁྱོན་ཡོངས་ཀྱི་རྙོག་འཛིང་མཐའ་དག་འཚེ་མེད་ཞི་བའི་ལམ་ནས་སེལ་ཐབས་བྱེད་དགོས་པའི་ལམ་སྟོན་དང་ཉམས་ལེན་མཛད་པོར་ངོས་འཛིན་ཞུས་ཏེ། ཧ་ཅང་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འདི་བཞིན་ཕྱི་ལོ་ ༡༩༠༡ ནས་བཟུང་ལོ་བསྟར་ཆགས་སུ་འཛམ་གླིང་ནང་ཞི་བདེ་དང་། མང་གཙོ། འགྲོ་བ་མི་ཡི་ཐོབ་ཐང་། རྒྱལ་ཁབ་ཕན་ཚུན་དབར་མཛའ་མཐུན་གོང་སྤེལ་གཏོང་མཁན་སོགས་ལ་འབུལ་བཞིན་ཡོད་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ཉིན་ནོར་ཝེ་རྒྱལ་ས་ཨོ་སི་ལོར་ (Oslo, Norway) འབུལ་བཞེས་མཛད་པ་དང་། དུས་མཚུངས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་ཆེ་མཐོང་སྔར་ལྷག་སོང་བ་དང་ཆབས་ཅིག བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱལ་སྤྱིའི་ནང་གོ་རྟོགས་དང་དོ་སྣང་ཇེ་ཆེར་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད།

ྋགོང་ས་མཆོག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་སྐབས་ཀྱི་གསུང་བཤད་གནང་བའི་ནང་། “ངོས་རང་ནང་པའི་གྲྭ་པ་ཞིག་ཡིན་པའི་ཆ་ནས་སེམས་ཅན་སྡུག་བསྔལ་གྱིས་མནར་བ་རྣམས་ལྟ་ཅི་སྨོས། འགྲོ་བ་མིའི་ཁྱིམ་ཚང་གི་ནང་མི་ཡོད་དོ་ཅོག་ལ་སེམས་འཁུར་བྱེད་ཀྱི་ཡོད། སྡུག་བསྔལ་ཡོངས་རྫོགས་རྨོངས་པའི་རྐྱེན་ལས་བྱུང་བར་ང་ཡིད་ཆེས་ཡོད་ཅིང་། སྐྱེ་བོ་རྣམས་ཀྱིས་རང་ཉིད་གཅིག་པུའི་བདེ་སྐྱིད་དང་། འདོད་བློ་ཁེངས་པ་ཡོང་བའི་ཆེད་གཞན་དག་ལ་སྡུག་བསྔལ་བཟོ་གི་ཡོད་ན་ཡང་། བདེ་སྐྱིད་དངོས་འབྲེལ་ནི་ནང་སེམས་ཀྱི་བདེ་བ་དང་། ཆོག་ཤེས་ཀྱི་སྟེང་ནས་འབྱུང་དགོས། ཡིད་ཀྱི་བདེ་བ་དང་ཆོག་ཤེས་ནི་གཞན་ཕན་གྱི་ཀུན་སློང་དང་། བྱམས་པ། སྙིང་རྗེ་བཅས་གོང་སྤེལ་དང་། རྨོངས་པ། རང་གཅེས་འཛིན། འདོད་སེམས་བཅས་སྤོང་བའི་ཐོག་ནས་འབྱུང་དགོས།” ཞེས་དང་། “དེང་སྐབས་ང་ཚོར་འཕྲད་བཞིན་པའི་དཀའ་རྙོག་དཔེར་ན། དྲག་པོའི་འཐབ་རྩོད་དང་། རང་བཞིན་འབྱུང་ཁམས་གཏོར་བཤིག་དབུལ་ཕོངས། བཀྲེས་སྐོམས་ལ་སོགས་པ་ནི་འགྲོ་བ་མིས་བཟོས་པའི་དཀའ་ངལ་ཤ་སྟག་ཡིན་ཞིང་། དཀའ་རྙོག་དེ་རྣམས་འགྲོ་བ་མིས་འབད་བརྩོན་དང་། གོ་རྟོགས། སྤུན་ཟླའི་འདུ་ཤེས་བཅས་སྤེལ་བའི་སྒོ་ནས་སེལ་ཐུབ་ཀྱི་རེད། ང་ཚོ་ཕན་ཚུན་དབར་དང་འཛམ་གླིང་སྤྱིའི་འགན་ཁུར་ལེན་པའི་བསམ་བློ་སྤེལ་དགོས།” ཞེས་སོགས་བཀའ་སློབ་ཕེབས་ཡོད་པ་ལྟར། འཛམ་གླིང་འདིའི་ནང་མི་མཐོ་དམན་སུ་འདྲ་ཞིག་ཡིན་རུང་། སོ་སོས་འདོད་ཆུང་ཆོག་ཤེས་དང་། བྱམས་སྙིང་རྗེ། གཞན་གཅེས་འཛིན་སོགས་ཉམས་སུ་ལེན་ཐུབ་པ་ཡིན་ན་འཛམ་གླིང་འདི་རང་བཞིན་གྱིས་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཏུ་འགྱུར་ཐུབ་པ་དང་། དཀའ་རྙོག་ཇི་འདྲ་ཞིག་འཕྲད་རུང་། འགྲོ་བ་མིའི་འདུ་ཤེས་ཀྱི་གོ་རྟོགས་དང་། ཕན་ཚུན་དབར་སྤུན་ཟླའི་འདུ་ཤེས་ཀྱི་སྒོ་ནས་བསམ་ཞིབ་དང་འགན་ཁུར་ལེན་པའི་བསམ་བློ་སྤེལ་རེས་བྱས་ཏེ་དམག་འཁྲུག་དང་གནོད་ཚེའི་དཀའ་ངལ་སེལ་ཐབས་བྱ་རྒྱུ་ཤིན་ཏུ་ནས་གལ་འགངས་ཆེ་བར་སོང་། གོ་སྐབས་འདི་བརྒྱུད་ནས་སྤྱི་ཚོགས་དང་། ལྷག་པར་དུ་རྒྱལ་ཁབ་ཁག་གི་ཆབ་སྲིད་འགོ་འཁྲིད་ཚོར་དེ་ལྟར་གནང་ཕྱོགས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

ཕྱི་ལོ་ ༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་ཝེ་ནེ་ཛུ་ལའི་མི་མང་གི་མང་གཙོའི་ཐོབ་ཐང་གོང་འཕེལ་གཏོང་བར་འབད་བརྩོན་ལྷོད་མེད་གནང་མཁན་དང་། དྲང་བདེན་དང་ཞི་བདེའི་ངང་ནས་བཙན་དབང་རིང་ལུགས་དེ་མང་གཙོའི་རིང་ལུགས་སུ་བསྒྱུར་བར་འཐབ་རྩོད་གནང་མཁན་ལྕམ་སྐུ་མ་རི་ཡ་ཀོ་རི་ནཱ་མཱ་ཆ་དོ་ (Maria Corina Machado) མཆོག་ལ་ཐོབ་པའི་གསལ་བསྒྲགས་གནང་བ་བཞིན་དེ་རིང་དངོས་སུ་ཁོང་གིས་ཞི་བདེའི་གཟེངས་རྟགས་བཞེས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།

དུས་མཚུངས་དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡང་ཡིན་ཞིང་། ཕྱི་ལོ་ ༡༩༤༨ ཟླ་ ༡༢ ཚེས་ ༡༠ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༣༡༧ པའི་ཐོག་གྲོས་ཆོད་ཨང་ ༤༢༣(V) སྣོལ་འཇོག་གནང་བའི་ཐོག་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་གཏན་འབེབས་གསལ་བསྒྲགས་བྱས་པར་རྗེས་དྲན་ཞུ་ཕྱིར། ཕྱི་ལོ་ ༡༩༥༠ ནས་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་ཞུ་འགོ་བཙུགས་ཏེ་དེ་རིང་མི་ལོ་ཧྲིལ་པོ་ ༧༥ འཁོར་བཞིན་ཡོད། ཁྲིམས་གཞི་གཏན་འབེབས་གནང་བ་ནས་བཟུང་མི་ཚང་མ་ཐོག་མར་སྐྱེ་དུས་ནས་རང་དབང་ལྡན་ཞིང་ཆེ་མཐོང་དང་ཐོབ་ཐང་འདྲ་མཉམ་ཡོད་པའི་ཐོག རིགས་རུས་དང་། ཤ་མདོག  ཕོ་མོ། སྐད་ཡིག ཆོས་ལུགས། ཆབ་སྲིད་དམ་བསམ་ཚུལ་གཞན། རྒྱལ་ཁབ་བམ་སྤྱི་ཚོགས་ཀྱི་འབྱུང་ཁུངས། རྒྱུ་ནོར། སྐྱེ་གནས་སམ་གནས་བབ་གཞན་བཅས་ཀྱི་ཐོག་ནས་དབྱེ་འབྱེད་མི་ཆོག་ཅིང་། འགྲོ་འདུག་སྤྱོད་གསུམ་དང་། སྨྲ་བརྗོད། འདུ་འཛོམས་སོགས་ཀྱི་རང་དབང་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཡིན་པས་སུས་ཀྱང་ཕོག་ཐུག་བྱེད་མི་ཆོག་པ་སོགས་གསལ་དོན་བཞིན། འཛམ་གླིང་རྒྱལ་ཁབ་ཕལ་མོ་ཆེའི་ནང་དེ་ལྟར་ལོངས་སྤྱོད་པའི་གོ་སྐབས་ཡོད་ན་ཡང་། བོད་ནང་ལ་ཆབ་སྲིད་དང་། ཆོས་དད། སྐད་ཡིག་སོགས་ཀྱི་རང་དབང་དང་ཐོབ་ཐང་ལྟ་ཞོག་འགྲོ་འདུག་སྤྱོད་གསུམ་གྱིས་མཚོན་གཞི་རྩའི་རང་དབང་དང་ཐོབ་ཐང་ཡེ་ནས་མེད་པའི་དཀའ་ངལ་འཕྲད་མུས་དང་། བོད་ནང་གི་དངོས་ཡོད་གནས་ཚུལ་རྟོགས་རྒྱུར་རྒྱ་གཞུང་གིས་བཀག་སྡོམ་དང་། གནས་ཚུལ་དངོས་བདེན་མིན་པར་འཁྱོག་བཤད་བྱེད་བཞིན་ཡོད་པར་བརྟེན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཁྲིམས་ཡིག་ལག་བསྟར་ཚུལ་བཞིན་ཡོང་རྒྱུར་རྒྱ་ནག་གཞུང་ལ་གནོན་ཤུགས་དང་སྐུལ་མ་བྱེད་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།

འདི་ལོར་བོད་མིའི་སྒྲིག་འཛུགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་སྐུའི་གོ་སྟོན་དང་བསྟུན་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བཞིན་པའི་ལས་རིམ་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ལས་རིམ་ཁོངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་མང་གཙོ་གསོལ་རས་གནང་བའི་འཕེལ་རིམ་ངོ་སྤྲོད་པར་རིས་ཐོག་ནས་འགྲེམས་སྟོན་ཞུ་རྒྱུའི་ལས་འཆར་དེ་བཞིན། འདི་ལོའི་བོད་མིའི་མང་གཙོ་དུས་ཆེན་སྐབས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་གྲངས་གསུམ་དང་། དེ་རྗེས་མེས་པོ་དམ་པ་གྷན་རྡིའི་འཁྲུངས་སྐར་དང་བསྟུན་སིམ་ལར་སཾ་བྷོ་ཊ་གཏན་སློབ་དང་། ཧི་མཱ་ཅལ་མངའ་སྡེའི་གཙུག་ལག་སློབ་གྲྭ་ཆེན་མོ། (Himachal Pradesh University, Shimla) ལྡི་ལི་ཇཱ་ཝ་ཧར་ལཱལ་ནཱེ་རུའི་གཙུག་ལག་སློབ་གྲྭ་ཆེན་མོ་དང་། (Jawaharlal Nehru University, Delhi) སེན་སྚི་ཕིན་མཐོ་སློབ། (St. Stephen’s College, Delhi) ལྡི་ལི་བོད་ཁྱིམ་སྡོད་ཁང་བཅས། དེ་བཞིན་ཅན་དྷི་སྒར་པཱན་ཇབ་གཙུག་ལག་སློབ་གྲྭ་ཆེན་མོ། (Panjab University, Chandigarh) དང་། ཇཱ་ལཱན་དྷར་དུ་ཡོད་པའི་ལཱ་ཕི་ལི་ཆེད་ལས་གཙུག་ལག་སློབ་གྲྭ་ཆེན་མོ་ (Lovely Professional University, Jalandhar) བཅས་སོ་སོར་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་༸གོང་ས་མཆོག་གི་མཛད་པ་འཕྲིན་ལས་སྙིང་བསྡུས་རེ་པར་རིས་ལམ་ནས་ངོ་སྤྲོད་ཞུ་ཐུབ་པ་བྱུང་ཡོད།

ཉེ་ཆར་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་ཊ་པུ་ཝན་ (Tapovan) དུ་ཧི་མཱ་ཅལ་མངའ་སྡེའི་དགུན་ཁའི་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན། འདི་ཟླའི་ཚེས་ ༣ ཉིན་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཀུལ་དེབ་ སིངྒ་ པ་ཐ་ནཡེ་ (Shri Kuldeep Singh Pathania, Speaker of Himachal Pradesh Legislative Assembly) མཆོག་དང་། ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སུག་ཝིན་དྷར་ སིངྒ་ སུ་ཀུ་ (Shri Sukhvinder Singh Sukhu, Chief Minister of Himachal Pradesh) མཆོག ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཇེ་རཱམ་ ཋཱ་ཀུར་ (Shri Jai Ram Thakur, Leader of Opposition of Himachal Pradesh) མཆོག་བཅས་ཆབ་སྲིད་ཚོགས་པ་ཁག་གཉིས་ཀྱི་གནད་ཡོད་མི་སྣ་མཇལ་འཕྲད་དང་། མངའ་སྡེའི་གྲོས་ཚོགས་ནང་ཟུར་ཉན་ཆེད་བཅར་གྱིས་ཧི་མ་ཅལ་མངའ་སྡེ་འདི་བཞིན་༸གོང་ས་མཆོག་གི་བཞུགས་སྒར་དང་། བོད་མིའི་སྒྲིག་འཛུགས་ཀྱི་གནས་ཡུལ་ཆགས་ཡོད་པས་མངའ་སྡེ་གཞུང་དང་མི་མང་ལ་ཐུགས་རྗེ་ཆེ་ཞུ་དང་། མངའ་སྡེའི་གྲོས་ཚོགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབར་དམིགས་བསལ་འབྲེལ་བ་འཇོག་ཐུབ་པ་བྱུང་ཡོད།

དུས་རབས་ཉེར་གཅིག་པ་འདིའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེ་དང་། ཞི་བདེ། འགྲོ་བ་མིའི་འདུ་ཤེས་དང་། བཟང་སྤྱོད་ཀྱི་རིན་ཐང་རྣམས་ཁོང་གིས་ལམ་སྟོན་གནང་བ་བཞིན་མི་མང་ས་ཡ་མང་པོས་དགའ་མོས་ཆེན་པོ་ཐོབ་ཅིང་རྒྱལ་སྤྱིའི་ནང་གཞུང་དང་གྲོས་ཚོགས། སྤྱི་སྒེར་སྒྲིག་འཛུགས་ཁག་མང་པོས་ངོས་འཛིན་གྱིས་ད་བར་གཟེངས་རྟགས་དང་ཆེ་བསྟོད་བརྒྱ་ཕྲག་མང་པོ་འབུལ་བཞེས་གནང་ཞིང། ༸གོང་ས་མཆོག་གི་༸སྐུའི་གསང་གསུམ་གྱི་མཛད་པ་འཕྲིན་ལས་ནི་འཛམ་གླིང་སྐྱེ་འགྲོ་སྤྱི་དང་། བྱེ་བྲག་བོད་མི་རྣམས་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཆགས་ཤིང་། བཞུགས་སྒར་རྡ་སར་འཛམ་གླིང་ས་ཕྱོགས་གང་ས་ནས་གནད་ཡོད་མི་སྣ་དང་། མི་མང་སྟོང་ཕྲག་མང་པོ་རྒྱུན་ཆད་མེད་པར་༸གོང་ས་མཆོག་མཇལ་བཅར་དུ་ཡོང་བཞིན་པ་དང་། བོད་མིའི་ཚོགས་སྒེར་དང་འབྲེལ་ཡོད་ཚང་མས་བརྟན་བཞུགས་བསྟར་འབུལ་གྱིས་༸གོང་ས་མཆོག་སྐུ་ཚེ་ཡུན་རིང་འཚོ་བཞུགས་ཡོང་བའི་གསོལ་འདེབས་ཞུས་པ་བཞིན་༸གོང་ས་མཆོག་གིས་ཁོང་༸སྐུ་འཚོ་བཞུགས་གནང་བ་འདིས་འགྲོ་བ་མི་སྤྱི་དང་། བོད་བསྟན་སྲིད་ལ་དམིགས་བསལ་ཕན་ཐོགས་ཡོང་གི་ཡོད་པས་དགུང་ལོ་བརྒྱ་ཕྲག་ལྷག་བཞུགས་རྒྱུའི་ཞལ་བཞེས་བཞིན། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཉམ་ཐག་བོད་འབངས་རྣམས་ཡལ་བར་མི་འདོར་བའི་སྐུ་ཚེ་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བཞུགས་ཤིང་། མཛད་འཕྲིན་རྣམས་རྒྱུན་མི་ཆད་པ་སྐྱོང་གནང་ཡོང་བའི་གསོལ་འདེབས་གདུང་ཤུགས་དྲག་པོས་ཞུ་རྒྱུ་དང་། བོད་དང་བོད་མིར་རྒྱབ་སྐྱོར་གནང་མཁན་གནས་ཡུལ་རྒྱ་གར་གཞུང་མང་གཙོས་ཨ་རི་དང་། ཡུ་རོབ་སོགས་སྤྱི་སྒེར་སྒྲིག་འཛུགས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

མཐའ་དོན། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁམས་གསུམ་སྐྱེ་འགྲོ་ཀུན་དང་། ཡང་སྒོས་ཁ་བ་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་བཞེད་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རབ་གནས་ཤིང་སྦྲུལ་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༡༠ ལ།།