༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན་བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་དོན་གྱི་སླད་དུ་མཚན་དངོས་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་དེ་རིང་དམིགས་བསལ་གྱི་ཉིན་མོ་ཁྱད་འཕགས་ཅན་འདིར་བོད་མི་རྩམ་ཟན་པ་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་དད་སྤྲོ་གསུམ་གྱི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་ཡང་བོད་ཤིང་ཕག་ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་བོད་ཤར་ཕྱོགས་མདོ་སྨད་ཙོང་ཁའི་ཡུལ་སྟག་འཚེར་གྲོང་ཚོར་སྐུ་བལྟམས་པའི་ཁྱེའུ་ལྷ་མོ་དོན་གྲུབ་མཆོག་ནི། ༸རྒྱལ་དབང་སྐུ་ཕྲེང་གོང་མའི་མཛད་འཕྲིན་འཕྲོ་སྐྱོང་ཆེད་བསམ་བཞིན་སྐྱེ་བར་བཞེས་ཤིང་རྟགས་དང་མཚན་མ། དེ་བཞིན་བོད་ཀྱི་ལྷ་མོའི་བླ་མཚོའི་ནང་ཤར་བའི་མཚོ་གཟིགས་ལུང་བསྟན། གཙོ་བོ་ཁྱེའུ་གང་ཉིད་ཀྱི་སྔོན་གནས་རྗེས་སུ་དྲན་པའི་མཛད་སྤྱོད་ལས་ཡང་སྲིད་འཁྲུལ་མེད་གཏན་འཁེལ་ཞིང་བོད་གཞུང་ནས་ཡང་སྲིད་འཁྲུལ་བྲལ་ལ་ངོས་འཛིན་གྱིས་རྒྱལ་ས་ལྷ་སར་གདན་འདྲེན་ཞུས་ཏེ་ཕྱི་ལོ་ ༡༩༤༠ ཟླ་ ༢ ཚེས་ ༢༢ ཉིན་ཕོ་བྲང་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ་ཞུས།
ཕྱི་ལོ་ ༡༩༤༩ ལོ་མཇུག་ཙམ་ནས་རྒྱ་ནག་དམར་པོའི་གཞུང་གིས་བོད་ས་བཙན་བཟུང་གི་བྱ་སྤྱོད་འགོ་བརྩམས་པས། ཞི་བདེར་དགའ་བའི་བོད་འབངས་རྣམས་གློ་བུར་དུ་དམག་འཁྲུག་གི་ཉེན་ཁའི་ནང་ལྷུང་། ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༡༧ ཉིན་དགུང་གྲངས་ ༡༦ ལ་སོན་པའི་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་བོད་ལྗོངས་ལྷ་མི་ཡོངས་ཀྱིས་གསོལ་འདེབས་ནན་ཞུས་ལྟར་ཉག་ཕྲ་བའི་དུས་ངན་དེ་འདྲ་ཞིག་གི་སྐབས་སུ་བོད་རྒྱལ་ཁབ་ཆེན་པོའི་ལུགས་གཉིས་ཆབ་སྲིད་ཀྱི་འགན་དབང་ཡོངས་སུ་བདག་གིར་བཞེས་དགོས་བྱུང་། ཕྱི་ལོ་ ༡༩༥༡ ལོར་རྒྱ་དམར་གཞུང་གི་བཙན་དབང་འབའ་ཞིག་འོག་རྒྱ་ནག་པེ་ཅིང་དུ་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་བོད་གཞུང་གི་སྐུ་ཚབ་ཚོས་མིང་རྟགས་བཀོད་དགོས་བྱུང་བར། ༸གོང་ས་མཆོག་གིས་ཕྱོགས་གཅིག་ནས་རྒྱ་གཞུང་མཉམ་མེས་འཚིག་མེར་གཏུགས་ཀྱི་མཐུན་ལམ་གནང་བ་དང་། ཕྱོགས་གཞན་ནས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་དེང་དུས་དང་མཐུན་པའི་སྒྱུར་བཅོས་ཆེད་ཕྱི་ལོ་ ༡༩༥༤ ལོར་ལེགས་བཅོས་ལས་ཁུངས་དང་། ཕྱི་ལོ་ ༡༩༥༦ ལོར་མི་མང་དཀྱུས་མའི་རིགས་ཀྱི་བདེ་སྡུག་ཞིབ་དཔྱོད་ཞུ་ས་གྱོད་ཞིབ་ལས་ཁུངས་སོགས་གསར་འཛུགས་མཛད། མཐར་རྒྱ་དམར་གཞུང་ཕྱོགས་ནས་གྲོས་མཐུན་དོན་ཚན་ཁག་རྩིས་མེད་རྡོག་རོལ་དང་། ༸གོང་ས་མཆོག་གི་སྐུ་ཕྱྭར་གནོད་འཚེ་བརྩམས་པར་བརྟེན། ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་སྐུ་འཁོར་དང་བཅས་པ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་།
༸གོང་ས་མཆོག་བཙན་བྱོལ་དུ་ཕེབས་འབྱོར་བྱུང་མ་ཐག་རྒྱ་གར་གཞུང་གི་དཔོན་རིགས་ཁག་མཇལ་འཕྲད་ཀྱིས་མཐུན་འགྱུར་རོགས་མགོན་ཞུས་ཤིང་། སྤྱིར་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད། ཆོས་སྒར་དང་། གཞིས་སྒར། ཤེས་ཡོན་བསྟི་གནས་སོགས་གསར་འཛུགས་མཛད་པ་དང་། སྒོས་སུ་བོད་གཞུང་དགའ་ལྡན་ཕོ་བྲང་གི་རྒྱུན་བསྐྱངས་ནས་ལས་ཁུངས་ཁག་བསྐྱར་གསོ། གཞུང་དེ་ཡང་༸མགོན་པོ་གང་ཉིད་ཀྱིས་རིང་ནས་ཐུགས་ལ་བརྣགས་པའི་ཡང་དག་པའི་མང་གཙོའི་ལམ་ལུགས་ཐོག་ཤར་བསྐྱོད་གནང་བར། ཕྱི་ལོ་ ༡༩༦༠ ལོར་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་བསྐྱངས་ཏེ། བཙན་བྱོལ་ནང་ཉམས་མྱོང་རིམ་གསོག་གིས་འཛིན་སྐྱོང་གི་ལས་ཁུངས་ཁག་རྒྱ་སྐྱེད་དང་། འཛིན་སྐྱོང་སྟངས་འཛིན་དང་ཁྲིམས་སྒྲིག་སོགས་གཏན་འབེབས་གནང་མཁན་ཁྲིམས་བཟོ་ལྷན་ཚོགས། ཁྲིམས་ལུགས་སྐྱོང་མཁན་ཁྲིམས་ཞིབ་ཁང་མ་ལག་དང་བཅས་མདོར་ན་མང་གཙོའི་ཀ་བ་གསུམ་ཆ་ལག་ཚང་བ་དང་། རང་དབང་ལྡན་པའི་ལས་ཁུངས་ཁག་བཅས་གསར་འཛུགས་གནང་ཡོད། དེ་བཞིན་བོད་ཀྱི་རིག་གནས་ཆེ་བ་ལྔ་དང་། ཆུང་བ་ལྔར་གྲགས་པའི་གཞུང་ལུགས་ཁག་སྦྱོང་སྤྱོད་སྤེལ་གསུམ་གྱི་རིག་གཞུང་སྡེ་ཁག་ཆ་ལག་ཚང་བ་གསར་འཛུགས་གནང་ཡོད་པ་མ་ཟད། ད་ཆ་འཛམ་གླིང་མི་རིགས་གཞན་ཚོས་ཀྱང་དེར་དགའ་མོས་ཀྱིས་སློབ་གཉེར་དང་ལག་ལེན་བྱེད་བཞིན་པ་ཞིག་ཏུ་གྱུར་ཡོད།
དེ་ལྟར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་འཁོད་འོས་པའི་མཛད་པ་མང་པོ་ཞིག་༸གོང་ས་མཆོག་གིས་བཙན་བྱོལ་དུ་བསྐྱངས་གནང་ཞིང་། བོད་ཀྱི་གནད་དོན་དེ་བཞིན་རྒྱལ་སྤྱི་ཅན་དུ་གྱུར་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སོགས་ནས་ལོ་རྒྱུས་རང་བཞིན་ལྡན་པའི་བོད་དོན་གྲོས་ཆོད་ཁག་དང་། འཛམ་གླིང་ཆོས་ལུགས་གཞན་ཁག་ལ་མཐུན་སྒྲིལ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཤེས་ཡོན་སློབ་གསོ། ནང་པའི་གཞུང་ལུགས་ལ་བསྟེན་ནས་ཚན་རིག་པ་མཉམ་བགྲོ་གླེང་། བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་བསྟན་བདག་བླ་ཆེན་རྣམ་པའི་ཆོས་ལུགས་ཚོགས་ཆེན། དགེ་བཤེས་མའི་རྒྱུགས་སྤྲོད་ལམ་ལུགས། བཙན་བྱོལ་བོད་མི་རྣམས་ཀྱིས་མང་གཙོའི་ཐོག་ཤར་བསྐྱོད་ཀྱིས་འོས་བསྡུའི་ལམ་ནས་གཞུང་གི་འགོ་འཁྲིད་འདེམས་བསྐོ་གནང་བ། ཕྱི་ལོ་ ༡༦༤༢ ལོར་བོད་སྤྱི་ལ་ཁྱབ་པའི་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་རྒྱལ་མཆོག་སྐུ་ཕྲེང་ལྔ་པའི་སྐུ་དུས་སུ་གསར་འཛུགས་བསྐྱངས་ནས། བོད་ལ་དུས་འགྱུར་བྱུང་སྟེ་བཙན་བྱོལ་ནང་རྒྱུན་བསྲིངས་ཐུབ་པ་བྱུང་ཡོད་ཀྱང་། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དུས་དང་། རྒྱལ་སྤྱིའི་འགྱུར་འགྲོས། བོད་མིའི་ཕུགས་དམིགས་སོགས་ཕྱོགས་ཡོངས་ལ་གཟིགས་ཏེ་ཕྱི་ལོ་ ༢༠༡༡ ལོར་བོད་མིའི་ཆབ་སྲིད་ཀྱི་འགན་དབང་ཁག་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་འགོ་འཁྲིད་རྣམ་པར་ཁྲིམས་མཐུན་རྩིས་སྤྲོད་མཛད་དེ་མི་ལོ་བཞི་བརྒྱར་ཉེ་བའི་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་མཇུག་སྒྲིལ་གནང་བ་སོགས་ནི་འཛམ་གླིང་ཐོག་ཆོས་སྲིད་ཀྱི་མཛད་འཕྲིན་བསྐྱངས་པའི་དཔེ་མཚོན་གལ་ཆེ་ཁག་ཆགས་ཡོད།
༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག་ནི་༸རྒྱལ་མཆོག་གོང་མ་རྣམས་ཀྱི་མཛད་བཟང་གཅིག་ཏུ་བསྡུས་ཤིང་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་ནི་བོད་མི་རྣམས་ཀྱིས་ནམ་ཡང་བརྗེད་དུ་མེད་ཅིང་། དེང་འཛམ་གླིང་ནང་༸གོང་ས་མཆོག་གི་རླབས་ཆེན་གྱི་མཛད་རྗེས་དག་ལ་ཡི་རངས་ཆེ་བསྟོད་ཀྱིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་སོགས་གཟེངས་བསྟོད་བརྒྱ་ཕྲག་མང་པོ་འབུལ་བཞེས་མཛད་དེ་བོད་དོན་འཐབ་རྩོད་དང་། བོད་མིའི་ཆོས་དང་། རིག་གཞུང་སོགས་ལ་རྒྱལ་སྤྱིའི་ནང་དོ་སྣང་དང་། ཆེ་མཐོང་། རྒྱབ་སྐྱོར་ཐོབ་པ་བཅས་ནི་༸གོང་ས་མཆོག་གི་མཛད་འཕྲིན་ཁོ་ན་དང་འབྲེལ་བ་ཆགས་ཡོད་པས་དེ་རིང་གི་གོ་སྐབས་འདི་བརྒྱུད་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང་། ༸མགོན་པོ་མཆོག་གིས་སྐུ་ངལ་ཁྱད་བསད་ཀྱིས་མཛད་འཕྲིན་བསྐྱངས་དང་སྐྱོང་བ་རྣམས་ལ་བཀའ་དྲིན་རྗེས་དྲན་དང་། འདི་ལོ་བོད་གཞུང་མང་གཉིས་ནས་བྱམས་བརྩེའི་ལོར་སྲུང་བརྩི་ཞུ་བཞིན་པ་ལྟར་བོད་བསྟན་སྲིད་ཀྱི་ལས་དོན་རྣམས་ལམ་ལྷོང་ཡོང་བ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་རྣམས་འགྲུབ་ཐབས་ཆེད་གང་ཉིད་ཀྱི་བཀའ་སློབ་ལམ་སྟོན་རྣམས་ཉམས་བཞེས་ལག་བསྟར་ཞུ་རྒྱུ་དང་། རྣམ་དཀར་ཆོས་མཐུན་གྱི་བྱ་བ་རྣམས་ལ་འབད་བརྩོན་ལྷོད་མེད་ཞུ་དགོས་རྒྱུ་གལ་ཆེ་ཆགས་ཡོད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༣ ནས་ ༤ བར་ཉི་འོང་རྒྱལ་ས་ཊོཀ་ཡོ་རུ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༩ པ་བསྐོང་ཚོགས་ཞུས་ཤིང། སྐབས་དེར་རྒྱལ་ཁབ་ ༢༩ ནས་གྲོས་ཚོགས་འཐུས་མི་དངོས་སུ་ངོ་བཅར་དང་། དྲྭ་ཐོག་བརྒྱུད་མཉམ་བཞུགས་ཀྱིས་ཚོགས་འདུ་གྲུབ་འབྲས་ལྡན་པ་བྱུང་ཡོད་ལ། ཚོགས་ཆེན་ཐོག་ཊོཀ་ཡོ་བསྒྲགས་གཏམ་དང་། ལག་བསྟར་འཆར་གཞི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༩༠ ལ་ཕེབས་ཀྱི་ཡོད་པར་འཚམས་འདྲི་ཞུ་རྒྱུ་དང་། ༸མགོན་པོ་མཆོག་གིས་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་དང་། འཚེ་མེད་ཞི་བདེ། འགྲོ་བ་མིའི་ཐོབ་ཐང་། ཆོས་ལུགས་མཐུན་སྒྲིལ། ཁོར་ཡུག་སྲུང་སྐྱོབས། མང་གཙོ་གོང་འཕེལ་བཅས་ཀྱི་ཐོག་ཞབས་འདེགས་ཞུས་པའི་རླབས་ཆེན་གྱི་མཛད་བཟང་དག་ལ་ཡི་རངས་ཆེ་བསྟོད་བཅས་ཀྱི་དམིགས་བསལ་གྲོས་ཆོད་དོན་ཚན་ ༦ ཅན་ཞིག་སྤྱི་མོས་ཀྱིས་གཏན་འབེབས་བྱུང་ཡོད་པས་རྒྱལ་སྤྱིའི་ནང་གོ་སྟོན་དང་འབྲེལ་བའི་༸གོང་ས་མཆོག་གི་མཛད་འཕྲིན་ལ་ཆེ་བསྟོད་དང་། རླབས་ཆེན་མཛད་འཕྲིན་རྣམས་མུ་མཐུད་རྒྱུན་གནས་ཡོང་བའི་ལེ་ཚན་གསར་པ་ཞིག་ཏུ་གྱུར་ཐུབ་ཡོད།
ཉེ་ཆར་འདི་ཟླའི་ཚེས་ ༢ ནས་ ༤ བར་ཉིན་གྲངས་གསུམ་རིང་བོད་མིའི་ཆོས་ཚོགས་ཐེངས་ ༡༥ པ་བསྐྱངས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་རྒྱུའི་ཞལ་བཞེས་བཟང་པོ་བཀའ་དྲིན་སྩལ་སྨིན་བྱུང་བ་དང་། ཆོས་ཚོགས་ཐེངས་ ༡༥ པའི་གྲོས་ཆོད་བཅས་ཀྱི་དགོངས་དོན་ལས་རྒྱ་ནག་གཞུང་ནས་ཆབ་སྲིད་དགོས་དབང་གིས་ཐེ་བྱུས་བྱས་རིགས་བྱུང་ཚེ་ངོས་ལེན་ནམ་ཡང་མེད།
མི་ལོ་ ༦༦ ལྷག་རིང་བཙན་བྱོལ་བོད་མི་རྣམས་འཚོ་གནས་དང་། བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ། རྒྱལ་སྤྱིའི་ཐོག་བོད་དོན་ཞུ་སྐུལ་སོགས་གང་ཅིར་མཐུན་འགྱུར་རྒྱབ་སྐྱོར་གནང་མཁན་གནས་ཡུལ་རྒྱ་གར་གཞུང་མང་གཉིས་དང་། དེ་བཞིན་ཨ་རི་དང་ཡུ་རོབ། ཉི་འོང་སོགས་རྒྱལ་སྤྱིའི་ཁྱོན་ཡོངས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་རྣམས་ལ་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བོད་དོན་བདེན་མཐའ་མ་གསལ་བར་སྔར་ལྷག་རྒྱབ་སྐྱོར་ཤུགས་ཆེ་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། འཛམ་གླིང་ཁྱོན་ལ་ཞི་བདེ་དང་བྱམས་བརྩེའི་འཕྲིན་ལས་རྒྱས་པར་མཛད་ཅིང་། སྒོས་སུ་གངས་ཅན་བོད་འབངས་ཡོངས་ལ་ཐུགས་བརྩེའི་གཟིགས་པ་ཆེན་པོས་མགོན་སྐྱབས་མཛད་ནས། བོད་གཞིས་བྱེས་གཉིས་མཉམ་འཛོམས་སྐྱིད་པའི་ཉི་མ་མགྱོགས་ནས་མྱུར་དུ་འཆར་ཏེ་བོད་གངས་ཅན་ལྗོངས་སུ་ཞབས་སོར་འཁོད་ཐུབ་པའི་སྨོན་འདུན་གྲངས་མེད་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས། རབ་གནས་ཤིང་སྦྲུལ་ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ ལ།།