སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ཧྲིལ་པོ་ ༣༤ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །དེ་རིང་ནས་ལོ་ངོ་སུམ་ཅུ་སོ་བཞིའི་སྔོན་ཏེ་ཕྱི་ལོ་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ཉིན། ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཕགས་མཆོག་ཕྱག་ན་པདྨོ་མི་ཡི་རྣམ་པར་རོལ་བ། འགྲོ་བ་ཀུན་ལ་མ་ལྟར་བརྩེ་བས་མ་འདྲིས་པའི་མཛའ་བཤེས་ཆེན་མོ། བྱམས་བརྩེའི་བདག་ཉིད། འཛམ་གླིང་ཞི་བདེའི་དེད་དཔོན། བོད་ཁ་བ་ཅན་གྱི་ལྷ་སྐལ། ཚེ་རབས་ཐམས་ཅད་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་ཁྲིད། བླང་དོར་ལམ་སྟོན་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ལ་འཛམ་གླིང་དུ་སྙན་གྲགས་ཕྱོགས་བཅུར་ཁྱབ་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ ༣༤ ཧྲིལ་པོ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་མོ་འདིར། དགའ་དད་སྤྲོ་གསུམ་གྱི་ངང་གུས་ཕྱག་དང་བཅས་༸རྒྱལ་བའི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ཡིན།

དེ་ཡང་གཏེར་སྟོན་ཉི་མ་གྲགས་པའི་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་ལུང་བྱང་དུ། ཆོས་ཀྱི་རྒྱལ་པོའི་སྨོན་ལམ་མཐུ་བཙན་པས༔ བྱང་ཆུབ་སེམས་དཔའ་སྙིང་སྟོབས་ལྡན་པའི་བུ༔ འགྲོ་བའི་སྐྱབས་མགོན་བསྟན་པའི་རྩ་ལག་གཅིག༔ དབུས་ནས་འབྱུང་ཞིང་མདོ་སྔགས་བསྟན་པ་འཛིན༔ རྒྱ་མཚོ་མིང་ཅན་འཕྲིན་ལས་ཕྱོགས་བཅུར་ཁྱབ༔ ཅེས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཚན་གསལ་ཞིང་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་རྣམ་སྤྲུལ་དུ་གསལ་བར་བསྟན་ཅིང་འགྲོ་དོན་འཕྲིན་ལས་ཕྱོགས་བཅུར་རྒྱས་པའི་ལུང་བྱང་བཞིན། ༸གོང་ས་མཆོག་སྐུ་ན་ཕྲ་མོའི་དུས་ནས་བོད་དབུས་སུ་བྱོན་ཅིང་བོད་ཀྱི་གནས་བབ་ཧ་ཅང་ཉག་ཕྲའི་སྐབས་སུ་ཆོས་སྲིད་གཉིས་ཀྱི་མཛད་འགན་ལྕི་མོ་ལྷུར་བཞེས་གནང་བ་ནས་དབུ་འཛུགས་ཀྱིས་གཞན་ཕན་གྱི་མཛད་འཕྲིན་སྤྱི་དང་། ཡང་སྒོས་བཙན་བྱོལ་ནང་འཛམ་གླིང་ཀུན་ལ་དགེ་ཕན་ཅན་གྱི་བོད་མི་རིགས་རིག་གཞུང་དང་བཅས་པ་མི་ཉམས་གོང་འཕེལ། ཉམས་པ་སོར་ཆུད་སླད་ནང་པའི་ཆོས་ཀྱི་བསླབ་བྱ་དང་བདག་ཉིད་ཆེན་པོ་གྷན་རྡིའི་བཞེད་དགོངས་ཟབ་མོ་གཞིར་བཟུང་། འཚེ་མེད་ཞི་བའི་ཐབས་ཚུལ་ཁོ་ནར་བརྟེན་ཏེ་བོད་དོན་བདེན་མཐའ་གསལ་ཐབས་མཛད་པ་མ་ཟད། འཛམ་གླིང་འདིར་ཕན་ཚུན་བསམ་ཤེས་དང་། མཐུན་སྒྲིལ། དྲང་བདེན། བྱམས་བརྩེ་བཅས་ཀྱི་སྒོ་ནས་ཕན་ནུས་ལྡན་ཞིང་རྒྱལ་སྤྱིའི་ནང་འཁྲུག་རྩོད་ཁག་ཞི་ཐབས་དང་། འགྲོ་བ་མིའི་ཐོབ་ཐང་གི་འགན་ཁུར། རང་བྱུང་ཁོར་ཡུག་སྲུང་སྐྱོབ་བཅས་ལ་སྨན་པའི་ཞི་བདེ་དོན་དང་ལྡན་པ་ཞིག་འབྱུང་ཐབས་རྨད་བྱུང་གི་མཛད་བཟང་ལ་འཛམ་གླིང་སྐྱེ་རྒུ་རྣམས་ཀྱི་ཡིད་དབང་འཕྲོག་སྟེ། སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་ཞིག་ཡིན།

མགོན་པོ་གང་ཉིད་མཆོག་གིས་འཛམ་གླིང་ཡུལ་གྲུ་གང་སར་༸ཞབས་ཀྱིས་བཅགས་ཏེ་མཛད་འཕྲིན་བླ་ན་མེད་པ་བསྐྱངས་གནང་མཛད་ཅིང་། ད་དུང་ཡིན་ནའང་འཛམ་གླིང་ཤར་ནུབ་གང་ས་ནས་གནད་ཡོད་མི་སྣ་སོགས་ནང་ཆོས་ལ་དད་པ་ཡོད་མིན་ལ་མ་ལྟོས་པར་མི་མང་དཀྱུས་མ་མང་དག་ཅིག་ནས་གོ་སྐབས་ནམ་བྱུང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དང་བཀའ་སློབ་ཞུ་བར་རྡ་ས་བཞུགས་སྒར་དུ་བཅར་བཞིན་ཡོད། མགོན་པོ་གང་ཉིད་མཆོག་གི་ཉེ་རིང་མེད་པའི་བྱམས་བརྩེས་གཟིགས་སྐྱོང་དང་གསུང་གི་བདུད་རྩིའི་བྱིན་རླབས་བཅས་ལ་བརྟེན་ནས་མི་མང་པོ་ཞིག་གི་སེམས་རྒྱུད་ལ་འགྱུར་བ་ཆེན་པོ་ཐེབས་ཏེ་སོ་སོའི་མི་ཚེ་འགྲོ་སྟངས་བཟང་དུ་ཕྱིན་པ་དང་། སེམས་ཅན་གཞན་ལ་ཕན་པ་འདོགས་པའི་བྱ་བར་ཞུགས་པ་སོགས་འགྲོ་ཀུན་བདེ་ལ་བཀོད་པའི་རླབས་ཆེན་གྱི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་པས་མགོན་པོ་མཆོག་ནི་འཇིག་རྟེན་ཞི་བདེའི་སྟོན་པ་ལྟ་བུར་ངོས་འཛིན་ཞུ་བཞིན་ཡོད་པ་མ་ཟད། དེང་སྐབས་འཛམ་གླིང་ཤར་ནུབ་རྒྱལ་ཁབ་དང་ཚོགས་སྡེ་མང་པོས་ཆེ་བསྟོད་གུས་བརྩི་ཞུ་ཡུལ་རླབས་ཆེན་གྱི་དབུ་ཁྲིད་ཅིག་ཆགས་ཡོད། ༸གོང་ས་མཆོག་གིས་རྣམ་ཀུན་ཡང་ཡང་གསུང་བཞིན་པའི་ཐུགས་བསྐྱེད་དམ་བཅའ་བཞི་སྟེ། དང་པོ་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཏེ་འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས་དང་། གཉིས་པ་ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ། གསུམ་པ་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ། བཞི་པ་རྒྱ་གར་གནའ་རབས་ཀྱི་རིག་གཞུང་དང་། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་བཅས་དེང་གི་ཤེས་ཡོན་ལམ་ལུགས་དང་མཉམ་སྦྲེལ་གྱིས་བསྐྱར་གསོ་གནང་རྒྱུ་བཅས་ཀྱི་ཐོག་ལ་སློབ་སྦྱོང་བྱས་ཏེ། ༸གོང་ས་མཆོག་གི་དགོངས་གཞི་དང་བཀའ་སློབ་རྣམས་ཉམས་ལེན་ལག་བསྟར་ཞུ་རྒྱུ་ནི་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ཐུགས་དགྱེས་པའི་མཆོད་སྤྲིན་ལེགས་ཤོས་དེ་ཆགས་ཡོད།

ཕྱི་ལོ་ ༢༠༢༣ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཨི་རཱན་ལས་འགུལ་བ་ལྕམ་ནཱར་གྷིས་མཱོ་ཧ་མཱ་དྷི་ (Iranian activist Narges Mohammadi) ལགས་སུ་ཐོབ་འདུག ཁོང་གིས་ཨི་རན་རྒྱལ་ཁབ་ནང་བུད་མེད་ལ་བཙན་གནོན་བྱེད་བཞིན་པར་ཞུམ་པ་མེད་པའི་ཐོག་ནས་འཐབ་རྩོད་བྱས་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གོང་མཐོར་གཏོང་རྒྱུར་ཐེ་ཚོམ་མེད་པར་རྒྱབ་སྐྱོར་གྱི་དམ་བཅའ་བརྟན་པོ་གནས་པ་བཅས་ལ་བརྟེན་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་འདུག་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཁོང་གི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་དང་འབྲེལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། དེ་བཞིན་རྩོམ་རིག་དང་། དཔལ་འབྱོར་ཚན་རིག དངོས་ཁམས། རྫས་སྦྱོར། ལུས་ཁམས་སོགས་ཀྱི་རིག་པའི་ཐོག་ལ་ནོ་སྦེལ་གཟེངས་རྟགས་བཞེས་གནང་མཁན་གྱི་མི་སྣ་རྣམས་ལའང་ཡི་རངས་བསྔགས་བརྗོད་དང་འཚམས་འདྲི་ཞུ་རྒྱུ་ཡིན།

དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོའང་ཡིན་པས་ཆབས་ཅིག་སྲུང་བརྩི་བྱེད་བཞིན་ཡོད། འོན་ཀྱང་གཞིས་བཞུགས་བོད་མི་ཚོར་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཙམ་ཡང་མེད་ཁར། རྒྱ་གཞུང་ནས་ད་བར་བོད་ཐོག་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་རྒྱུའི་ཚབ་ཏུ། དུས་རྟག་ཏུ་དངོས་ཡོད་གནས་ཚུལ་ལ་འཁྱོག་བཤད་དང་རྫུན་གཏམ་ཁོ་ན་བཤད་དེ་རྒྱལ་ནང་གི་མི་མང་དང་། ཕྱིའི་རྒྱལ་ཁབ་ཁག་གི་གཞུང་མང་རྣམས་སླུ་བྲིད་འོག་ཚུད་ཐབས་བྱས་དང་བྱེད་བཞིན་ཡོད།

ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༡༠ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟེར་བ་ནས་ “དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་” ཟེར་བའི་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞིག་བོད་ཨིན་གཉིས་ཐོག་ཡོངས་ཁྱབ་འགྲེམས་སྤེལ་བྱས་འདུག ཐོག་མར་ཕྱི་ལོ་ ༡༩༩༢ ལོ་ནས་ད་བར་བོད་ཀྱི་གནད་དོན་གཅིག་པུའི་ཐོག་རྒྱབ་ཤ་དཀར་པོའི་ཡིག་ཆ་གྲངས་ ༡༦ བཏོན་ཟིན་ཅིང་། རྒྱབ་ཤ་དཀར་པོ་ཟེར་བའི་དེབ་དེ་ཚོའི་བརྗོད་དོན་སྙིང་པོ་ནི། མེད་པ་ཞིག་ཡོད་པར་སྒྲུབ་པ་དང་། མིན་པ་ཞིག་ཡིན་པར་སྒྲུབ་པ། དེ་བས་དོན་དངོས་ཀྱི་སྲིད་བྱུས་སོགས་མུན་ནག་འདྲ་པོ་དེ་དག་རྒྱབ་ཤ་དཀར་པོའི་ངོ་བོའི་ཐོག་ནས་དཀར་པོར་བསྒྱུར་ཐབས་བྱེད་པ་དེ་ཁོ་ན་ཡིན།

ཐེངས་འདིའི་རྒྱབ་ཤ་དཀར་པོའི་བརྗོད་དོན་གཙོ་བོ་ནི། ད་བར་རྒྱ་གཞུང་གིས་བོད་དབང་བསྒྱུར་བྱས་ནས་གྲུབ་འབྲས་ཐོབ་ལུགས་སྐོར་གྱི་ཧམ་རྫུན་ཤ་སྟག་ཡིན་ཅིང་། བོད་མི་ཆགས་འཇིག་གི་སྲོག་རྩ་ནི་ཆོས་དང་རིག་གཞུང་ལ་ཐུག་ཡོད་པས། བོད་ཀྱི་ཆོས་དང་རིག་གཞུང་ཐོག་དོན་དམ་པའི་གྲུབ་འབྲས་ཤིག་ཐོན་མེད་པ་མ་ཟད། རྒྱ་གཞུང་ནས་ཆབ་སྲིད་ཀྱི་དགོས་མཁོའི་བརྗོད་ཚིག་འགའ་ཤས་དཔེ་མཚོན་ཙམ་བཀོད་ན། “གུང་ཁྲན་ཏང་ཕེབས་པས་སྡུག་བསྔལ་བདེ་ལ་འཁོད་སོང་།” “མེས་རྒྱལ། བཀྲ་ཤིས་བདེ་ལེགས།” “བོད་ལྗོངས་ཀྱི་བུ་ཕྲུག་ཚོའི་སེམས་པ་ཏང་ལ་ཕྱོགས།” སོགས་དང་། ཆོས་ཕྱོགས་ཀྱི་གྲུབ་འབྲས་ནས་དཔེ་མཚོན་གཅིག་རང་དྲངས་ན། “ཕྱི་ལོ་ ༢༠༢༢ ལོ་མཇུག་བར། དགེ་འདུན་པ་གྲངས་ ༡༦༤ ལ་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ།” ཅེས་གསལ་འདུག་པས་དགེ་བཤེས་ལྷ་རམས་པའི་མཚན་གནས་བསྐྱར་གསོ་སྤྲོད་འགོ་བཙུགས་པ་ནས་ད་བར་གྱི་གྲངས་འབོར་ཞིག་རེད་འདུག ཐེངས་འདིའི་རྒྱབ་ཤ་དཀར་པོའི་ནང་མུ་མཐུད་འཁྱོག་བཤད་བྱེད་དོན། རྒྱལ་བ་ཡབ་སྲས་ཀྱི་ཡང་སྲིད་ངེས་པར་དུ་རྒྱལ་ནང་ནས་འཚོལ་དགོས་པ་དང་། གསེར་བུམ་དཀྲུག་འདོན། ཀྲུང་དབྱང་གི་ཆོག་མཆན་ཐོབ་དགོས་པ་དེ་རེད། དེ་ནི་བོད་མི་མང་དང་། བོད་བརྒྱུད་ནང་བསྟན་རྗེས་འབྲངས་པ་ཚོས་ནམ་ཡང་ཁས་ལེན་བྱེད་མ་ཐུབ་པ་ཞིག་དང་། བོད་ཀྱི་ཆོས་ཕྱོགས་ཀྱི་སྲོལ་རྒྱུན་དང་མི་མཐུན་ཞིང་། བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་ཀྱི་བརྗོད་ཚིག་རྙིང་པ་དེ་རང་ཡིན་པས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་ནག་དམར་གཞུང་ལ་བསྐྱར་དུ་དྲན་སྐུལ་དུ། བོད་མིའི་མངོན་འདོད་ལ་བརྩི་འཇོག་དང་། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་སྒེར་གྱི་ཐག་གཅོད་གང་གནང་དང་། དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་འགན་འཛིན་ལྷན་ཚོགས་ཀྱི་ཐག་གཅོད་ལ་རྒྱལ་ཁབ་བམ་ཚོགས་སྡེ་གང་རུང་ཞིག་གིས་ཐེ་གཏོགས་བྱ་རྒྱུའི་དབང་ཚད་མེད་ལ། དེ་བས་ཆབ་སྲིད་ཀྱི་དགོས་མཁོའི་ལག་ཆར་བེད་སྤྱོད་བྱས་ན་སུས་ཀྱང་ཡིད་ཆེས་དང་བརྩི་བཀུར་ཡོང་གི་མ་རེད་ཅེས་ཚིག་ཐག་ཆོད་པོས་བཤད་ཐུབ།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡེ་ཚན་ཁག་དང་། ཨ་རི། ཡུ་རོབ། ཨེ་ཤེ་ཡ་སོགས་ཀྱི་རྒྱལ་ཁབ་ཁག་ནས་བོད་ནང་གི་འགྲོ་བ་མི་ཡི་ཐོབ་ཐང་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་བའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་དཔལ་བཟང་པོ་ (དགེ་འདུན་ཆོས་ཀྱི་ཉི་མ་) མཆོག་དང་། གཞན་ཆབ་སྲིད་ཀྱི་ཉེས་མིང་འོག་ནས་བཙོན་ཁང་ནང་སྡུག་སྦྱོང་མྱོང་བཞིན་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པ། དེ་བཞིན་བོད་པའི་སློབ་ཕྲུག་རྣམས་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭར་བཙན་ཁྲིད་བྱེད་བཞིན་པ་རྣམས་མཚམས་འཇོག་དགོས་པ་སོགས་རྒྱ་གཞུང་ལ་སྐྱོན་བརྗོད་དང་། བོད་ནང་གི་བོད་མི་ཚོར་སོ་སོའི་སྐད་ཡིག་དང་། ཆོས། རིག་གཞུང་རྣམས་སྦྱོང་སྤྱོད་བྱ་རྒྱུ་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྣམས་ངེས་པར་སྤྲོད་དགོས་པའི་རྒྱབ་སྐྱོར་གནང་བཞིན་ཡོད། དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་ ༡༡ པའི་ནང་ཨ་རིའི་རྒྱལ་ཁབ་སཱེན་ཧྥ་རེན་སི་སི་ཁོ་ (San Francisco) རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་ཀྱི་ལྷན་ཚོགས་ཐེངས་ ༣༠ པ་འཚོག་བཞིན་པའི་སྐབས། ཨ་རིའི་སྲིད་འཛིན་སྐུ་ཞབས་རྗོ་བྷ་ཡེ་ཌེན་ (Joe Biden) དང་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གཉིས་མཇལ་འཕྲད་སྐབས་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་ཡོད་འདུག་པར་དགའ་བསུ་ཞུ་རྒྱུ་དང་། རྒྱ་གཞུང་གིས་དོན་དངོས་ཐོག་བོད་ཀྱི་གནད་དོན་ཐད་བསྐྱར་ཞིབ་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགན་ཁུར་དང་། བོད་ནང་གི་བོད་མི་ཚོའི་བསམ་ཚུལ་ངོ་མ་ཉན་རྒྱུ། ༸གོང་ས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་དགོངས་གཞི་བཞིན་བོད་རྒྱའི་དཀའ་རྙོག་རྣམས་འབྲེལ་མོལ་གྱི་ལམ་ནས་སེལ་ཐབས་སླད་བོད་རྒྱ་མི་རིགས་གཉིས་དབར་དུས་ཚོད་དམ་འཛིན་དགོས་པ་ཧ་ཅང་གལ་ཆེ་ཞིག་ཆགས་ཡོད་པ་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་དྲན་སྐུལ་བྱ་འདོད་བྱུང་།

གཞན་ཡང་རྒྱལ་སྤྱིའི་སྟེང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཨ་རི་དང་ཡུ་རོབ་གཙོས་རྒྱལ་ཁབ་ཁག་གི་གཞུང་དང་། མི་མང་། གྲོས་ཚོགས། ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ་ཁག་དང་ལས་བྱེད། ཁྱད་པར་དུ་བཀའ་དྲིན་ཤིན་ཏུ་ཆེ་བའི་རྒྱ་གར་གཞུང་མང་གཉིས་བཅས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁམས་གསུམ་སྐྱེ་འགྲོ་ཀུན་དང་། ལྷག་པར་དུ་བདག་ཅག་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དུ་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། འཛམ་གླིང་ནང་དམག་འཁྲུག་མཐའ་དག་ཞི་ཞིང་འགྲོ་ཀུན་ཞི་བདེར་འཁོད་དེ་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རབ་གནས་ཆུ་ཡོས་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༠ ལ།།