སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༨ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་མཛད་སྒོའི་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །དེ་རིང་ནི་བོད་ཁ་བ་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོ་རྣམས་ཀྱི་ལྷ་སྐལ་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་དབང་མི་ཡི་རྣམ་པར་རོལ་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དང་། གདུལ་བྱའི་རྣམ་དཀར་བསོད་ནམས་ཀྱི་འབྲས་བུ་དུས་སུ་སྨིན་པ་ལས། བོད་ཤིང་ཕག་ཟླ་ ༥ ཚེས་ ༥ དང་། ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་བོད་མདོ་སྨད་སྐུ་འབུམ་སྟག་འཚེར་དུ་ལྷ་བླའི་ལུང་བརྟག་འཁྲུལ་བྲལ་བསླུ་མེད་རྡོ་རྗེའི་བཀའ་ལུང་བཞིན་ངོ་མཚར་རྨད་དུ་བྱུང་བའི་མཚན་ལྟས་བཟང་པོ་དུ་མ་དང་བཅས་སྐུ་བལྟམས་ནས་ཕྱི་ལུགས་དགུང་གྲངས་ ༨༨ དང་། རང་ལུགས་དགུང་གྲངས་ ༨༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན། ནམ་ཡང་གཞལ་བར་མི་ནུས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཡིད་ལ་དྲན་བཞིན། གུས་ཕྱག་སྔོན་དུ་ཕུལ་ཏེ་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་དད་སྤྲོ་གསུམ་གྱི་ངང་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་རྒྱལ་བློན་པཎ་གྲུབ་སོགས་ཀྱི་སྤྲུལ་སྒྱུར་བསམ་གྱིས་མི་ཁྱབ་པས་མཐའ་ཡས་པའི་གདུལ་བྱ་རྣམས་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་བཟང་པོར་བཀྲི་བར་མཛད་པའི་འཕྲིན་ལས་ཀྱི་འཇུག་པ་ས་གསུམ་ཀུན་ཏུ་ཁྱབ་ཅིང་བརྗོད་ཀྱིས་མི་ལངས་ཤིང་། ༸རྒྱལ་མཆོག་ལྔ་པ་ཆེན་པོས་བོད་ལྗོངས་ལུགས་ཟུང་གསེར་གྱི་འཁོར་ལོ་བདག་གིར་བཞེས་ཏེ་གངས་ལྗོངས་ཆབ་སྲིད་ཀྱི་གདུགས་དཀར་ཡུག་གཅིག་གི་གྲིབ་བསིལ་འོག་སྐྱེ་འགྲོ་མཐའ་དག་བདེ་བར་བཀོད། ལྷག་པར་༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་གང་ཉིད་སྙིགས་དུས་སྐྱེ་འགྲོ་སྤྱི་དང་། བྱེ་བྲག་གངས་ཅན་ཆོས་ལྡན་ཞིང་དུ་དུས་ཚོད་གཉན་འཕྲང་ཆེ་བའི་སྐབས་འདིར་སྐུ་ཡི་བཀོད་པ་བཟུང་སྟེ། མཚན་དཔེའི་དཀྱིལ་འཁོར་ཡོངས་སུ་རྫོགས་ཤིང་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེས་བྱའི་གནས་མཐའ་དག་ལ་མངའ་དབང་འབྱོར་ཞིང་ངེས་པ་དོན་གྱི་མཁས་པའི་ཁྱུ་མཆོག་ཏུ་གྱུར་ཅིང་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ཤིང་གདུལ་བྱ་རྣམས་ལ་ཟབ་ཆོས་གསུང་གི་བདུད་རྩི་ཟད་མེད་དུ་སྟེར་བ་ནི་དེང་གི་རང་རེའི་སྤྱི་ཚོགས་ཙམ་མ་ཟད་གླིང་ཆེན་མང་པོའི་སྐྱེ་འགྲོ་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་ཏུ་གྱུར་ཡོད།

༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་གཞོན་ནུའི་དུས་ནས་བྱིས་པ་གཞན་གྱི་སྤྱོད་ཚུལ་ལས་ཡོངས་སུ་འདས་ཏེ་མཛད་སྤྱོད་གང་ཐད་ནས་དམ་པའི་རང་རྟགས་མངོན་གསལ་ཡོད་པ་མ་ཟད། འཕགས་མཆོག་ཕྱག་ན་པདྨོའི་རྣམ་འཕྲུལ་༸གོང་ས་སྐུ་ཕྲེང་ན་རིམ་གྱིས་ཐུགས་བསྐྱེད་སྨོན་ལམ་དང་། ལྷ་མོའི་མཚོ་གཟིགས་དན་རྟགས་སོགས་དགོངས་པ་རྩེ་མཐུན་ཐོག སྔར་སྲོལ་སྐུ་གོང་མའི་ཕྱག་མཚན་སོགས་ཇི་བཞིན་ངོས་འཛིན་གྱིས་ཡིད་གཉིས་ཐེ་ཚོམ་རྩ་བྲལ་བྱུང་བས་ཡང་སྲིད་འཁྲུལ་བྲལ་ངེས་རྙེད་བྱུང་སྟེ་ཕྱི་ལོ་ ༡༩༣༩ ལོར་དགུང་ལོ་བཞིའི་ཐོག་བོད་རྒྱལ་ཁབ་ཀྱི་རྒྱལ་ས་ལྷ་ལྡན་ཆོས་ཀྱི་ཞིང་སར་གདན་དྲངས་ཤིང་། ཕྱི་ལོ་ ༡༩༤༠ བོད་ལྕགས་འབྲུག་ཟླ་ ༡ ཚེས་ ༡༤ ཉིན་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཕོ་བྲང་པོ་ཏ་ལའི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་ཏེ་བཀྲ་ཤིས་པའི་བ་དན་ཕྱོགས་བཅུར་གཡོ་ཞིང་། གསན་བསམ་སློབ་གཉེར་དམ་པའི་རྣམ་ཐར་བདག་གིར་བསྐྱངས་ཏེ་ཕྱི་ལོ་ ༡༩༥༩ ལོར་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་གནང་བ་དང་། ཕྱི་ལོ་ ༡༩༤༩ ལོར་བོད་ཤར་ཕྱོགས་ས་མཚམས་སུ་རྒྱ་དམར་གྱིས་བཙན་འཛུལ་བྱ་འགོ་བཙུགས་ནས་བོད་ཀྱི་ཆབ་སྲིད་གནས་སྟངས་ཧ་ཅང་ཛ་དྲག་དང་དཀའ་ངལ་ཅི་ཆེའི་གནས་སུ་ལྷུང་བའི་ཉག་ཕྲའི་སྐབས་དེར། བོད་ལྗོངས་ལྷ་མི་ཡོངས་ནས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་གསོལ་བ་ཕུར་ཚུགས་སུ་བཏབ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བཅུ་དྲུག་ལས་མ་ཕེབས་ཀྱང་ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༡༧ ཉིན་བོད་ལྗོངས་ལུགས་ཟུང་ཆབ་སྲིད་གསེར་གྱི་འཁོར་ལོ་ཕྱག་མཚན་དུ་བཞེས་གནང་གིས་བོད་རྒྱ་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཞི་མཐུན་མཉམ་གནས་ཡོང་ཐབས་མཛད་པ་དང་ཆབས་ཅིག བོད་ཀྱི་ཆབ་སྲིད་འཛིན་སྐྱོང་གི་འགྲོ་ལུགས་གང་ཅི་རང་དབང་མང་གཙོར་འགྱུར་ཐབས་སྤྱི་ཚོགས་ལེགས་བཅོས་ཀྱི་སྡེ་ཚན་ཟུར་འཛུགས་ཀྱིས་བོད་འབངས་རྣམས་བདེ་བར་སྐྱོང་བཞེད་ཀྱི་ཕྱག་བཞེས་བཀའ་དྲིན་བསྐྱངས། འོན་ཀྱང་མང་སྣེ་ཉུང་གིས་མ་བསྟེན་པར་རྒྱ་དམར་བཙན་འཛུལ་དམག་དཔུང་གིས་བོད་ལྗོངས་ཡོངས་རྫོགས་བཙན་བཟུང་བྱས་པར་བརྟེན་ཕྱི་ལོ་ ༡༩༥༩ ལོར་མགོན་པོ་མཆོག་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་མ་ཕེབས་ཐབས་མེད་བྱུང་བ་དང་། རྒྱ་གར་དུ་༸ཞབས་སོར་འཁོད་ཉིད་ནས་རྒྱ་གར་གཞུང་གི་དབུ་ཁྲིད་རིམ་པར་འབྲེལ་ལམ་ཞུ་སྐུལ་མཛད་དེ། བཙན་བྱོལ་བོད་གཞུང་གསར་འཛུགས་ཀྱིས་གང་གི་ཞབས་རྗེས་སུ་བསྙེགས་འབྱོར་བོད་མི་ཁྲི་ཚོ་མང་པོར་ཐུགས་བརྩེ་བྱམས་གཟིགས་ཆེན་པོས་རིས་མེད་ཆོས་བརྒྱུད་ཆེ་ཁག་སོ་སོའི་བཀའ་སྲོལ་ཆོས་སྤྱོད་ཉམས་བཞེས་བཤད་སྒྲུབ་ཀྱི་བྱ་བ་ཐམས་ཅད་ཉམས་མེད་རྒྱུན་འཛིན་ཐུབ་པའི་བསྟི་གནས་ཁག་དང་། གཞིས་ཆགས་ཁག སློབ་གྲྭ་ཁག ལག་ཤེས་བཟོ་རིགས་སྡེ་ཚན་ཁག ཚོང་འཁོད་འདུ་འགོད་སོགས་གང་ལ་དེ་འོས་ཀྱི་མཛད་བཟང་བཀའ་དྲིན་སྐྱོང་བར་མཛད།

ཐོག་མར་བཙན་བྱོལ་དུ་འབྱོར་སྐབས་བོད་དོན་བདེན་མཐའ་གསལ་བར་ཉེ་བར་མཁོ་བའི་བོད་ཕྲུག་ན་གཞོན་རྣམས་ལ་མ་འོངས་བོད་ཀྱི་བདག་པོར་དགོངས་བཞེས་ཀྱིས་བོད་ཕྲུག་ཁེ་གཙང་གི་གཏན་ཉིན་སློབ་གྲྭ་ཁག་གསར་འཛུགས་དང་གཞན་མཐོ་སློབ་ཁག་ནས་སྦྱང་འབྲས་ཐོན་ཏེ་ཤེས་ཡོན་ཅན་གྱི་བཙན་བྱོལ་སྤྱི་ཚོགས་ཤིག་ཆགས་པ་མ་ཟད། ད་སྐབས་བོད་མིའི་སྒྲིག་འཛུགས་གཙོ་བོར་གྱུར་བའི་སློབ་གྲྭ་ཁག་དང་། རིག་གཞུང་བསྟི་གནས་ཁང་ཁག སྨན་ཁང་ཁག གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་སོགས་ཀྱི་ནང་ཞབས་ཕྱི་ཞུ་མཁན་གྱི་བརྒྱ་ཆ་མང་བ་ནི། ༸རྒྱལ་བའི་ཐུགས་རྗེའི་བཀའ་དྲིན་གྱི་གྲིབ་བསིལ་འོག་བཙན་བྱོལ་དུ་འཚར་ལོངས་དང་ཤེས་ཡོན་གྱི་གོ་སྐབས་ཐོབ་སྟེ་སློབ་མཐར་ཕྱིན་པ་ཤ་སྟག་ཡིན་པ་དང་། ད་ཆ་ཁྱད་ལས་ཤེས་ཡོན་གྱིས་ཕྱུག་པའི་བཙན་བྱོལ་སྤྱི་ཚོགས་སུ་གྱུར་ཏེ་སྤྱི་སྒེར་བྱེད་སྒོ་ཡོངས་རྫོགས་བོད་མི་རང་ཉིད་ཀྱི་མི་སྣས་འགན་ཁུར་སྣེ་ཁྲིད་བྱེད་བཞིན་པ་དེ་ནི་མི་རིགས་ཀྱི་རྒྱལ་ཁ་ཆེ་ཤོས་ཤིག་ཡིན་པ་དང་། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཡིན་པ་ནམ་ཡང་བརྗེད་ཐབས་མེད།

༸གོང་ས་མཆོག་གིས་འཛམ་གླིང་སྐྱེ་འགྲོ་སྤྱི་ལ་རླབས་ཆེན་གྱི་ཐུགས་བསྐྱེད་བཟང་པོས་འགྲོ་བ་ཀུན་ལ་རང་ཆས་སུ་ཡོད་པ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་མངོན་འདོད་ཀྱི་རྒྱུ་བྱམས་བརྩེའི་ནུས་སྟོབས་གཞི་རྩར་བཟུང་ནས། འགྲོ་བ་མིའི་ལྷན་སྐྱེས་བཟང་སྤྱོད་ཀྱི་ནུས་པ་གོང་སྤེལ་མཛད་ཐོག་ཁོར་ཡུག་སྲུང་སྐྱོབ་དང་། ཆོས་ལུགས་མཐུན་སྒྲིལ། དམག་འཐབ་དང་འཁྲུག་རྩོད་ཞི་ཐབས་སོགས་འཛམ་གླིང་ཞི་བདེར་སྨན་པའི་ཀུན་ཁྱབ་འགན་འཁུར་གྱི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་དང་སྐྱོང་བཞིན་པ་ཙམ་དུ་མ་ཟད། དུས་ཟིང་ཧ་ཅང་ཆེ་བའི་ཆེས་སྙིགས་དུས་ཀྱི་འཛམ་གླིང་ས་ཆེན་འདིར་བོད་ཆོས་ལྡན་ཞིང་གི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་གྱིས་འཛམ་གླིང་ཡང་རྩེའི་བོད་གངས་ཅན་ལྗོངས་འདི་ཉིད་མ་འོངས་ཞི་བདེའི་བསྟི་གནས་ཤིག་ཏུ་བསྐྲུན་རྒྱུའི་བླ་ན་མེད་པའི་དགོངས་གཞི་ཟབ་མོས་བོད་འབངས་རྣམས་འཚེ་མེད་ཞི་བའི་ལམ་བུར་བཀྲི་བར་མཛད་ཅིང་། འཛམ་གླིང་སྤྱིའི་སྐྱེ་འགྲོ་རྣམས་ཆོས་འབྱོར་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཆེད་དེ་སྔོན་ཤར་ནུབ་རྒྱལ་ཁབ་མང་པོར་ཞབས་ཀྱི་པདྨོ་རྣམ་པར་བཀོད་དེ་དམ་པའི་ཆོས་ཀྱི་དགོངས་དོན་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པ། བྱམས་སྙིང་རྗེ། གཞན་ཕན་བྱང་སེམས་ཀྱི་རྩ་བར་གྱུར་བའི་དམ་པའི་ཆོས་ཚུལ་ཟབ་མོས་ཡོངས་སུ་ཚིམས་པར་མཛད་པ་དང་། དེང་གི་ཆར་རྒྱ་གར་གཙོས་འཛམ་གླིང་རྒྱལ་ཁབ་མང་པོའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ་དང་། མི་མང་དཀྱུས་མ་སོགས་ནས་དད་པ་དང་མོས་གུས་ཆེན་པོས་གསུང་ཆོས་དང་བཀའ་སློབ་སོགས་ཞུ་ཕྱིར་ཕོ་བྲང་དུ་མཇལ་ཁར་བཅར་མཁན་ཇེ་མང་དུ་འགྲོ་བཞིན་པར། བཀའ་སློབ་གསུང་གི་བདུད་རྩིས་བློ་ལྡན་སྐྱེ་བོ་མང་པོ་ཞིག་གི་རྒྱུན་གཏན་མི་ཚེ་སྐྱེལ་སྟངས་སོགས་བཟང་ཕྱོགས་སུ་ཕྱིན་པའི་གནས་ཚུལ་མང་པོ་ཡོང་དང་ཡོང་བཞིན་ཡོད། ༸གོང་ས་མཆོག་ནི་བོད་མི་ཙམ་དུ་མ་ཟད་འཇིག་རྟེན་སྐྱེ་འགྲོ་ཀུན་ལ་ཧ་ཅང་བཀའ་དྲིན་ཆེན་པོར་གྱུར་ཡོད་སྟབས། དེ་རིང་བཀྲ་ཤིས་དགའ་བ་འབུམ་ལྡན་གྱི་ཉིན་མོ་འདིར་འཛམ་གླིང་ས་ཕྱོགས་གང་སར་༸རྒྱལ་བའི་འཁྲུངས་སྐར་དུས་ཆེན་ཟབ་རྒྱས་ངང་སྲུང་བརྩི་ཞུ་བཞིན་པར་ཡང་བསོད་ནམས་ཀྱི་སྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་ཞུ་ཆོག

༸གོང་ས་མཆོག་གིས་འཚེ་མེད་ཞི་བདེའི་མཛད་པ་འཕྲིན་ལས་མང་དག་ཅིག་བསྐྱངས་དང་སྐྱོང་བཞིན་པར་རྒྱལ་སྤྱི་ནང་ངོས་འཛིན་གྱིས་ཕྱི་ལོ་ ༡༩༨༩ ལོར་འཛམ་གླིང་ཐོག་སྙན་གྲགས་ཆེ་ཤོས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱིས་མཚོན་གཟེངས་རྟགས་བརྒྱ་ཕྲག་བརྒལ་བར་འབུལ་བཞེས་མཛད་ཡོད། དེ་བཞིན་ནང་པའི་ལྟ་གྲུབ་དང་། བྱམས་བརྩེ། སྙིང་རྗེ། བཟང་སྤྱོད། ཁོར་ཡུག་སོགས་ཀྱི་ཐོག་ལ་བོད་ཨིན་གཉིས་ནང་གསུང་རྩོམ་དེབ་བརྒྱ་ཕྲག་གཉིས་ལྷག་འདོན་སྤེལ་གནང་ཡོད་པ་དེ་དག་ལ་ང་ཚོས་སློབ་སྦྱོང་དང་། ལྷག་པར་དུ་༸རྒྱལ་བའི་འཁྲུངས་སྐར་གྱི་ཕྱག་རྟགས་ཡག་ཤོས་ནི་ཁོང་གི་བཀའ་སློབ་ལམ་སྟོན་རྣམས་ལག་ལེན་བསྟར་རྒྱུ་དང་། སེམས་པ་བཟང་པོ་བྱ་རྒྱུ་དེ་ཡིན་པ་ཡང་ཡང་བཀའ་སློབ་ཕེབས་ཡོད་སྟབས་བོད་མི་ཚང་མས་བཀའ་སློབ་སྤྱི་དང་ཡང་སྒོས་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་སློབ་སྦྱོང་གནང་སྟེ་ལག་བསྟར་གནང་གལ་ཆེ།

ལྷག་པར་བོད་ལྗོངས་ཆབ་སྲིད་མང་གཙོའི་ལམ་བཟང་དུ་བསྒྱུར་གནང་མཛད་ཅིང་། ཕྱི་ལོ་ ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་མཛད་པ། ཕྱི་ལོ་ ༡༩༦༡ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་དང་། ༡༩༦༣ ལོར་མ་འོངས་བོད་ཀྱི་མང་གཙོའི་རྩ་ཁྲིམས་རྒྱས་པ་ཡོངས་ཁྱབ་གསལ་བསྒྲགས་གནང་། ཕྱི་ལོ་ ༡༩༩༡ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་གནང་མཛད་པ་ལྟར། སྤྱི་འཐུས་སྐབས་བཅུ་གཅིག་པས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་སྩལ་གནང་གིས་མང་གཙོའི་ཀ་བ་གསུམ་ལྡན་དང་། རང་དབང་ཅན་གྱི་སྡེ་ཚན་ཁག ལྷན་ཁང་ཆེ་ཁག་སོགས་དབུས་སའི་ལས་ཁུངས་རྣམས་མང་གཙོའི་འགྲོ་ལུགས་གཞིར་བཟུང་གིས་སྐབས་དེའི་བཙན་བྱོལ་བོད་གཞུང་དང་ད་ལྟའི་བོད་མིའི་སྒྲིག་འཛུགས་འདི་བཞིན་ཁྲིམས་ཀྱིས་དབང་སྒྱུར་ལྡན་པའི་མང་གཙོའི་སྒྲིག་འཛུགས་ཤིག་ཏུ་བསྒྱུར་གནང་མཛད་ཅིང་། ཕྱི་ལོ་ ༢༠༠༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར། བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱས་པ་དང་། ཕྱི་ལོ་ ༢༠༡༡ ལོར་མི་ལོ་ ༤༠༠ མ་ཟིན་ཙམ་གྱི་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་གསོལ་སྩལ་རྩིས་སྤྲོད་མཛད་པའི་བར་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་དེང་རབས་མང་གཙོའི་ལམ་ལུགས་ཡང་དག་ཅིང་སྲ་བརྟན་ཞིག་ཏུ་བསྒྱུར་གནང་མཛད་པ་སོགས་མགོན་པོ་མཆོག་གི་ཆོས་སྲིད་ཀྱི་རླབས་ཆེན་མཛད་འཕྲིན་མཐའ་ཡས་པའི་བཀའ་དྲིན་རྣམས་བདག་ཅག་བོད་མི་ཡོངས་ཀྱིས་དུས་ནམ་ཡང་གཞལ་ཐབས་མེད་པ་ཞིག་ཡིན།

༸གོང་ས་མཆོག་གི་མཛད་འཕྲིན་དེ་དག་ལ་བརྟེན་ནས་ཨ་རིའི་གཞུང་དང་གྲོས་ཚོགས་བཅས་ནས་བོད་དོན་ཐོག་ཁྲིམས་ཡིག་གཏན་འབེབས་ཀྱིས་དམིགས་བསལ་རྒྱབ་སྐྱོར་གནང་བཞིན་པ་དང་། དེ་བཞིན་ལེ་ཊིན་ཨ་མི་རི་ཀ་དང་། ཡུ་རོབ། ཨ་ཕི་རི་ཀ ཨེ་ཤ་ཡ་བཅས་ནང་བོད་དོན་ཐོག་དོ་སྣང་དང་རྒྱབ་སྐྱོར་གནང་མཁན་མང་པོ་བྱུང་ཡོད། ཉེ་ཆར་ཉི་ཧོང་དུ་ཕྱི་ཟླ་ ༥ པའི་ནང་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་འདུའི་ཕྱིར་བསྒྲགས་ནང་བོད་དོན་སྐོར་གསལ་འཁོད་བྱུང་ཡོད་པ་དང་། ཅེག་གྲོས་ཚོགས་གོང་མའི་ནང་བོད་དོན་སྐོར་གྲོས་ཆོད་བཞག་པ། ཇི་ནེ་ཝ་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་བོད་དོན་ཐོག་སྔ་རྗེས་གླེང་སློང་གནང་བ། དེ་བཞིན་ཁེ་ཎ་ཌའི་གྲོས་ཚོགས་འོག་མའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་། རྒྱ་གཞུང་གིས་བོད་ནང་གཏན་འཇགས་སློབ་གྲྭའི་ལམ་ལུགས་ལག་བསྟར་བྱས་པའི་ཛ་དྲག་གནས་སྟངས་ཀྱི་སྙན་ཐོ་བཏོན་པ་སོགས་ནི་བོད་ཀྱི་ཆབ་སྲིད་ཐོག་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་གནང་དགོས་པ་ངོས་འཛིན་ཐོབ་བཞིན་པ་ཆགས་ཡོད།

བོད་རྒྱའི་ཆབ་སྲིད་ཀྱི་དཀའ་རྙོག་སེལ་ཐབས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༧༤ ཙམ་ནས་དགོངས་པར་བཞེས་གནང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་དང་། བཀའ་བློན་རྣམ་པ། གཞུང་ཞབས། མང་ཚོགས་ཀྱི་སྐུ་ཚབ་མཚོན་པའི་འཐུས་མི་བཅས་པར་གོ་བསྡུར་དང་། ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་མོས་གྲོས་ཆོད་ལམ་ནས་གཏན་ལ་ཕབ་ཅིང་། ༸གོང་ས་༸སྐྱབས་མགོན་ཆེན་པོས་དགོངས་ཡངས་དཀྱེལ་ཆེ་མཛད་དེ་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཉིད་ལམ་སྲོལ་གསར་གཏོད་མཛད་ཅིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་ཤིག་ཏུ་གྱུར་ཡོད་ཀྱང་། རྒྱ་ནག་འགོ་ཁྲིད་ཚོ་དཔལ་འབྱོར་དང་། དམག་དཔུང་གི་སྟོབས་ཤུགས་ཁོ་ནའི་འཁྲུལ་སྣང་ལ་མགོ་མ་འཁོར་བར། རྒྱལ་ཁབ་ཀྱི་ཆེ་མཐོང་ངོ་མ་དེ་ཕན་ཚུན་ཡིད་ཆེས་དང་གྲོས་མོལ་གྱི་ལམ་ནས་གསལ་རྟོགས་ཐུབ་པ་བཟོ་དགོས་པ་ལས། བཙན་གནོན་དང་མི་རིགས་ཆེན་པོས་དབང་བསྒྱུར་ཁོ་ན་གྱུར་ཐབས་འབད་བརྩོན་བྱས་པ་ནི་ལམ་ལྷོངས་ནམ་ཡང་ཡོང་མི་སྲིད། དེར་བརྟེན་དུས་རབས་ཀྱི་འགྱུར་འགྲོས་ལ་བསྟུན་ཏེ་བོད་ཐོག་མཁྲེགས་འཛིན་གྱི་སྲིད་བྱུས་ལ་འགྱུར་བ་བཏང་སྟེ་གྲོས་མོལ་གྱི་ལམ་ནས་༸གོང་ས་མཆོག་གི་སྐུ་ཚབ་མཉམ་བོད་རྒྱའི་དཀའ་རྙོག་སེལ་ཐབས་དགོས་པ་རྒྱ་གཞུང་ལ་ནན་བརྗོད་བྱེད་བཞིན་ཡོད།

རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་ནང་གི་བོད་རིགས་སྤུན་ཟླ་རྣམས་ལ་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་ལྟ་ཞོག་༸རྒྱལ་བའི་སྐུ་པར་ཙམ་ཡང་ཉར་འཇོག་ཞུ་ཆོག་གི་མེད་པ་དང་། དེ་བཞིན་འགྲོ་འདུག་སྤྱོད་གསུམ་གྱི་ཐོག་འགྲོ་བ་མིའི་གཞི་རྩའི་རང་དབང་རྩ་བ་ནས་མེད་པས་༸རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་ཞུ་ཐབས་བྲལ་ཡང་། སེམས་གཏིང་ནས་༸གོང་ས་མཆོག་ལ་དད་པ་དམ་ཚིག་བརྟན་པོ་ཡོད་པར་བརྟེན་༸གོང་ས་མཆོག་གིས་ཀྱང་ཁྱེད་རྣམ་པར་རྟག་ཏུ་ཐུགས་སྨོན་གནང་བཞིན་ཡོད་པ་བཀའ་སློབ་མང་པོའི་ནང་གཞིས་ལུས་བོད་མིའི་སྐོར་ཡང་ཡང་ཕེབས་བཞིན་ཡོད་པས་སེམས་ཤུགས་ནམ་ཡང་མ་ཆགས་པར་བོད་མི་རིགས་ཀྱི་ལ་རྒྱ་དང་། ཆོས་དང་རིག་གཞུང་། སྐད་ཡིག་རྣམས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཡོང་ཐབས་གནང་བཞིན་པར་བསྔགས་བརྗོད་ཞུ་རྒྱུ་ཡིན།

ཉེ་བའི་ཆར་འཛམ་གླིང་ཞི་བདེའི་མཚོན་རྟགས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད། འཛམ་གླིང་ནང་པ་ཡོངས་ཀྱི་དད་གུས་ཞུ་ཡུལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་བརྙན་ཐུང་དུམ་བུ་ཞིག་རྒྱ་གཞུང་གིས་རྣམ་པ་འདྲ་མིན་བེད་སྤྱད་ནས་སྤྱི་ཚོགས་དྲ་ལམ་ཁག་ལ་བརྒྱུད་སྤེལ་གྱིས་མཚན་ཤས་ཞུ་ཐབས་བྱས་ཀྱང་། ༸གོང་ས་མཆོག་གི་མཛད་འཕྲིན་ནི་འཁོར་བའི་སྐྱོན་གྱིས་མ་གོས་པའི་མཛད་སྤྱོད་དྲི་མ་མེད་པ་ཡིན་པས་སྐུའི་གཟི་བརྗིད་དང་མཛད་པ་འཕྲིན་ལས་ཀྱི་འོད་ཟེར་དེ་བས་ཀྱང་ཕྱོགས་བཅུར་ཇེ་ཆེར་འཕྲོ་ཞིང་འཕེལ་བར་གྱུར་ཅིང་། སྐབས་དེར་རང་རིགས་བོད་མི་རྣམས་དང་། གཞན་གནད་ཡོད་མི་སྣ། ལྷག་པར་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་རྣམས་ཀྱིས་༸གོང་ས་མཆོག་གི་མཛད་འཕྲིན་ལ་དད་གུས་འགྱུར་བ་མེད་པ་གསལ་སྟོན་བྱེད་ཐུབ་པ་ནི་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་དམིགས་བསལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

བོད་ཀྱི་བདེན་པའི་འཐབ་རྩོད་ལ་བཀའ་དྲིན་ཆེ་བ་རྒྱ་གར་གཞུང་དང་མི་མང་རྣམས་དང་། དེ་བཞིན་ཨ་རི་དང་། ཡུ་རོབ་རྒྱལ་ཁབ་ཁག་གིས་གཙོས་བོད་དོན་ཐད་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་། མི་སྣ་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མུ་མཐུད་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་བཟང་ཞིང་ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་ནས་ཐུགས་བཞེད་འབད་མེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རབ་གནས་ཆུ་ཡོས་ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༦ ལ།།