སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༧ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་མཛད་སྒོའི་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །དེ་རིང་བོད་རྒྱལ་ལོ་ ༢༡༤༩ རབ་བྱུང་བཅུ་བདུན་པའི་རབ་གནས་ཆུ་སྟག་ལོའི་ཟླ་ ༥ ཚེས་ ༧ དང་། ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༦ ཉིན་མོར། འགྲོ་བ་ལྷ་དང་བཅས་པའི་༸མགོན་སྐྱབས་བླ་ན་མ་མཆིས་པ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག གངས་ལྗོངས་སྐྱེ་འགྲོ་ཀུན་གྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། འཕགས་མཆོག་ཕྱག་ན་པདྨོའི་རྣམ་སྤྲུལ་སྡོམ་བརྩོན་ངུར་སྨྲིག་འཛིན་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་འཁྲིད་དང་བླང་དོར་ལམ་སྟོན་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་ཕུལ་ཏེ་༸སྐུའི་འཁྲུངས་སྐར་ཉིན་མོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དད་གུས་སྤྲོ་གསུམ་གྱི་ངང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

སྐྱེ་འགྲོ་སྤྱི་དང་། ཁྱད་པར་བོད་ཁ་བ་རི་པའི་གདུལ་བྱ་རྣམས་དང་ལས་སྨོན་གྱི་འབྲེལ་བས་བསམ་བཞིན་སྲིད་པ་བཟུང་བར་རབ་གནས་ཤིང་ཕག་ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་མདོ་སྨད་སྟག་འཚེར་དུ་ཡབ་ཆོས་སྐྱོང་ཚེ་རིང་དང་། ཡུམ་བདེ་སྐྱིད་ཚེ་རིང་རྣམ་གཉིས་ཀྱི་སྲས་སུ་སྐུ་བལྟམས་ཤིང་། འཁྲུལ་བྲལ་བསླུ་མེད་རྡོ་རྗེའི་བཀའ་ལུང་བཞིན། ངོ་མཚར་རྨད་དུ་བྱུང་བའི་དན་རྟགས་ཀྱི་སྣང་བ་འགོག་མེད་དུ་ཤར་ཏེ། མཐོང་གྲོལ་གཟུགས་སྐུའི་མཚན་དཔེ་རྟ་བདུན་དབང་པོའི་དཀྱིལ་འཁོར་མངོན་པར་ཤར་བ་ནས་ད་ཆ་རང་ལུགས་དགུང་གྲངས་ ༨༨ དང་། ཕྱི་ལུགས་ལྟར་ན་དགུང་གྲངས་ ༨༧ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཁྱད་པར་ཅན་དགའ་བ་འབུམ་ལྡན་བཀྲ་ཤིས་པའི་ཉིན་མོར། འཛམ་གླིང་ས་ཕྱོགས་གང་སར་སྤྲོ་སེམས་འཁོལ་བའི་ངང་རྣམ་དཀར་བསོད་ནམས་གསོག་སྒྲུབ་ལ་བྲེལ་བའི་སྐབས་འདིར། གུས་པས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། མགོན་པོ་གང་གི་༸ཞབས་པད་མི་འགྱུར་ཆོས་དབྱིངས་ཀུན་ཏུ་བཟང་པོའི་ངོ་བོར་རྟག་ཏུ་བརྟན་ཅིང་། མུ་མཐའ་མེད་པའི་སྐྱེ་འགྲོ་རྣམས་ལ་མགོན་སྐྱབས་དང་། དཔུང་གཉེན། བླང་དོར་ལམ་སྟོན་གྱི་སྒྲོན་མེ་ཆེན་པོར་བཞུགས་ཏེ། མཛད་འཕྲིན་འཇིག་རྟེན་ཀུན་ལ་དར་ཁྱབ་ཡོང་བའི་གསོལ་འདེབས་དང་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན།

དེ་ཡང་༸རྒྱལ་དབང་གོང་མའི་ཐུགས་བསྐྱེད་ནུས་མཐུའི་ལྷ་བླའི་བཀའ་ལུང་བཞིན་ཡང་སྲིད་འཁྲུལ་བྲལ་ངེས་རྙེད་བྱུང་མཚམས་འཁྲུངས་ཡུལ་བོད་མདོ་སྨད་སྟག་འཚེར་ནས་ཕྱི་ལོ་ ༡༩༣༩ ལོར་རྒྱལ་ས་ལྷ་སར་གདན་ཞུས་དང་། ཕྱི་ལོ་ ༡༩༤༠ བོད་ལྕགས་འབྲུག་ཟླ་ ༡ ཚེས་ ༡༤ ཉིན་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཕོ་བྲང་པོ་ཏ་ལའི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་ཏེ་བཀྲ་ཤིས་པའི་བ་དན་ཕྱོགས་བཅུར་གཡོ་ཞིང་གསན་བསམ་སློབ་གཉེར་དམ་པའི་རྣམ་ཐར་བདག་གིར་བསྐྱངས་ཏེ་ཕྱི་ལོ་ ༡༩༥༩ ལོར་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་གནང་བ་དང་། ཕྱི་ལོ་ ༡༩༤༩ ལོ་ནས་རྒྱ་དམར་དྲག་པོའི་དཔུང་སྡེས་བོད་ཀྱི་ཤར་ཕྱོགས་ས་ཁུལ་དུ་དཔུང་འཇུག་བྱེད་འགོ་བརྩམས་ཏེ་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་བཙན་བཟུང་བྱ་རྒྱུའི་ཆབ་སྲིད་ཀྱི་གནས་བབ་ཛ་དྲག་ཏུ་གྱུར་སྟབས། བོད་ལྗོངས་ལྷ་མི་ཟུང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་མགོན་པོ་མཆོག་དགུང་གྲངས་བཅུ་དྲུག་ལས་མ་སོན་ཡང་ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༡༧ ཉིན་ལུགས་ཟུང་ཆོས་སྲིད་ཀྱི་ཐུགས་འགན་བཞེས་གནང་མཛད་དེ་བོད་རྒྱ་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཞི་མཐུན་མཉམ་གནས་ཡོང་ཐབས་མཛད་པ་དང་སྦྲགས། བོད་ཀྱི་ཆབ་སྲིད་འགྲོ་ལུགས་ལ་སྒྱུར་བཅོས་ཆེད་ལེགས་བཅོས་ལས་ཁུངས་ཟུར་བཙུགས་ཀྱིས་བོད་འབངས་ཉམ་ཐག་རྣམས་ཀྱི་བུན་རྙིང་རྩ་ཆག་གིས་མཚོན་སྤྱི་ཚོགས་ཡར་རྒྱས་བདེ་ཐབས་མཛད་མུས་ལ་རྒྱ་ཕྱོགས་ནས་འགལ་རྐྱེན་སྣ་ཚོགས་བཟོས་པ་མ་ཚད། ལྷག་པར་བཙན་དབང་འོག་འཇོག་དགོས་བྱུང་བའི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བའི་ནང་གསལ་གྱི་དོན་ཚན་ཁག་ཀྱང་རྒྱ་གཞུང་ཕྱོགས་རང་ནས་རྩིས་མེད་རྡོག་རོལ་བཏང་བ་སོགས་ལ་བརྟེན། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་༸ཞབས་སོར་བདེ་བར་འཁོད་མ་ཐག་རང་ཡུལ་རང་དབང་སླར་གསོའི་སླད་བཙན་བྱོལ་བོད་གཞུང་གི་ལས་དོན་གནང་ཕྱོགས་དང་། དེ་བཞིན་བོད་མིའི་སློབ་གྲྭ་ཁག་དང་། གཞིས་སྒར་ཁག ཆོས་སྡེ་ཁག་བཅས་གནས་གཞི་གསར་འཛུགས་ཀྱི་མཛད་བཟང་བཀའ་དྲིན་བསྐྱངས་གནང་བ་མ་ཟད། བོད་མིའི་འཐབ་རྩོད་ཀྱང་འཚེ་མེད་ཞི་བའི་ཐབས་ལམ་དང་། གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་མཉམ་གནས་ཞི་མཐུན་ཡོང་ཐབས་ཀྱི་མཛད་ཕྱོགས་བསྐྱངས་གནང་མཛད། ལྷག་པར་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་དུ་བསྒྱུར་གནང་གིས་ཕྱི་ལོ་ ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་དང་། ཕྱི་ལོ་ ༡༩༦༡ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་དང་། ༡༩༦༣ ལོར་མ་འོངས་བོད་ཀྱི་མང་གཙོའི་རྩ་ཁྲིམས་རྒྱས་པ་ཡོངས་ཁྱབ་གསལ་བསྒྲགས་གནང་། ཕྱི་ལོ་ ༡༩༩༡ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་གནང་མཛད་པ་ལྟར། སྤྱི་འཐུས་སྐབས་བཅུ་གཅིག་པས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བསྩལ་གནང་གིས་སྐབས་དེའི་བཙན་བྱོལ་བོད་གཞུང་དང་ད་ལྟའི་བོད་མིའི་སྒྲིག་འཛུགས་འདི་བཞིན་ཁྲིམས་ཀྱིས་དབང་སྒྱུར་ལྡན་པའི་མང་གཙོའི་སྒྲིག་འཛུགས་ཤིག་ཏུ་བསྒྱུར་གནང་མཛད་པ་དང་། ཕྱི་ལོ་ ༢༠༠༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར། བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱས་ཏེ། མང་གཙོའི་འཕེལ་རིམ་ནང་མདུན་བསྐྱོད་ཆེན་པོ་ཞིག་བྱུང་ཡོད་པ་མ་ཟད། དུས་གསུམ་གསལ་གཟིགས་དང་བོད་མིའི་འཕྲལ་ཕུགས་ཀྱི་བདེ་རྩ་ཁོ་ནར་དགོངས་བཞེས་བླ་མེད་ཀྱིས་ཕྱི་ལོ་ ༢༠༡༡ ལོར་མི་ལོ་ ༤༠༠ མ་ཟིན་ཙམ་གྱི་ལོ་རྒྱུས་ལྡན་པའི་བོད་གཞུང་དགའ་ལྡན་ཕོ་བྲང་ཆེན་པོའི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་འགོ་འཁྲིད་རྣམས་ལ་རྩིས་སྤྲོད་མཛད་དེ་ད་ཆ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་མང་གཙོ་ཡང་དག་པའི་ལམ་དུ་མདུན་སྐྱོད་བྱེད་བཞིན་ཡོད།
མགོན་པོ་གང་གི་འདས་པའི་ལོ་ངོ་བཅུ་ཕྲག་དུ་མའི་རིང་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་མཛད་བཟང་ཕྱོགས་ཐམས་ཅད་ནས་ཀློང་དུ་བརྡོལ་བས། ངེས་པ་དོན་གྱིས་འཇིག་རྟེན་གྱི་ཕན་བདེ་འབྱུང་བའི་སྒོ་གཅིག་པུར་གྱུར་བ་དེས་འཛམ་གླིང་ནང་གཟུར་གནས་སྐྱེ་བོ་མང་པོའི་ཡིད་དབང་འཕྲོག་སྟེ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བཞིན་པ་མ་ཟད། ཨ་རི་དང་ཡུ་རོབ་གཉིས་ཀྱིས་གཙོས་འཛམ་གླིང་ཤར་ནུབ་རྒྱལ་ཁབ་མང་པོའི་གཞུང་སྒེར་ཚོགས་པ་ཁག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་ ༡༩༨༩ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་(Nobel Peace Prize) དང་། ཕྱི་ལོ་ ༢༠༠༧ ལོར་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས།(Congressional Gold Medal) ཕྱི་ལོ་ ༢༠༡༢ ལོར་ཨིན་ཡུལ་གྱི་ཇོན་ཊེམ་པེལ་ཊོན་གཟེངས་རྟགས་(John Templeton Prize) སོགས་ཀྱིས་མཚོན་ཆེ་བསྟོད་གཟེངས་རྟགས་མང་པོ་འབུལ་བཞེས་མཛད་ཡོད།

ཉེ་ཆར་རང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༢ དང་ ༢༣ ཉིན་གཉིས་རིང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དེ་བཞིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བསྐོང་ཚོགས་བྱས་ཤིང་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་མཐུན་འགྱུར་འོག་ཚོགས་ཆེན་གྱི་དབུ་འབྱེད་Capitol Hill གྲོས་ཚོགས་ར་བའི་ཚོགས་ཁང་ནང་དང་། དབུ་འབྱེད་ཀྱི་ཚོགས་མགོན་དུ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་ (Nancy Pelosi) མཆོག་ཆེད་ཕེབས་གནང་སྟེ། ཨ་རིའི་གཞུང་ནས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བརྙན་ལམ་བརྒྱུད་བཀའ་སློབ་གསུང་བཤད་གནང་བ་བཅས་ནི་ཆེས་རྨད་དུ་བྱུང་བ་དང་རིན་ཐང་བྲལ་བའི་བོད་དོན་ཐད་ཀྱི་གསུང་བཤད་ཆགས་ཡོད། སྐབས་དེར་ཨ་རིས་གཙོས་རྒྱལ་ཁབ་ཁག་མི་འདྲ་བ་ ༢༨ ཀྱི་གྲོས་ཚོགས་འཐུས་མི་དང་། ཕྱི་ནང་གི་མཁས་དབང་། མི་རིགས་འདྲ་མིན་གྱི་ལས་འགུལ་བ་སོགས་ཚོགས་བཅར་བ་ཁྱོན་མི་གྲངས་ ༡༠༠ ལྷག་ཙམ་དངོས་སུ་ཆེད་ཕེབས་ཀྱི་མཉམ་ཞུགས་གནང་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མི་ཁག་ཅིག་གིས་དྲྭ་ཐོག་ནས་ཀྱང་ལྷན་ཞུགས་གནང་བ་བྱུང་ཡོད། ཚོགས་ཆེན་ཐོག་ཚོགས་བཅར་བ་རྣམས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བའི་རྣམ་པ་གསལ་པོར་སྟོན་གནང་ཡོད། ཚོགས་ཆེན་ཐོག་ནས་ཝ་ཤིང་ཊོན་སྤྱི་བསྒྲགས་ (Washington Declaration) དང་། མ་འོངས་པའི་ཝ་ཤིང་ཊོན་ལག་བསྟར་འཆར་གཞི་ (Washington Action Plan) བཅས་གཏན་འབེབས་གནང་ཐུབ་པ་མ་ཟད། ཚོགས་ཆེན་ཐོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ཚོགས་པ་ (INPaT) ཡང་སླར་གསོ་ཐུབ་པ་བྱུང་ཡོད། ཚང་མས་མཁྱེན་གསལ་ལྟར། ང་ཚོས་ལས་དོན་ཇི་འདྲ་ཞིག་བསྒྲུབས་ཀྱང་། དོན་དངོས་སུ་གྲུབ་འབྲས་དེ་དག་གི་ཐོག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་འོད་ཟེར་གྱི་བྱིན་རླབས་དང་བཀའ་དྲིན་གྱིས་མ་ཁྱབ་པ་མེད་པ་བཞིན། ད་རེས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དེ་ཡང་། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་མང་རིང་སྐུ་ལས་བསྐྱོན་པའི་འབྲས་བུ་ལས་བྱུང་བའི་བོད་དང་བོད་མིའི་བློས་ཐུབ་ཀྱི་རྒྱབ་སྐྱོར་བ་སྙན་གྲགས་ཅན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་དང་། གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་གི་རྒྱབ་སྐྱོར་ལ་བརྟེན་ནས་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དེ་བཞིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་ཁའི་ངང་བསྐོང་ཚོགས་གནང་ཐུབ་པ་བྱུང་བ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད།

བོད་ནང་རྒྱ་ནག་དམར་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་བོད་མིའི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་རྩ་མེད་གཏོང་རྒྱུའི་དམིགས་ཡུལ་བཟུང་སྟེ། བོད་མི་ཚོར་སོ་སོའི་ལུང་པའི་ནང་འགྲོ་འདུག་སྤྱོད་གསུམ་དང་། ཐ་ན་འགྲོ་བ་མིའི་གཞི་རྩའི་རང་དབང་གི་ཐོབ་ཐང་ཡང་མེད་པར་སྡུག་སྦྱོང་དང་མནར་གཅོད་ཚད་མེད་བཏང་དང་གཏོང་བཞིན་པའི་གནས་སྟངས་ཧ་ཅང་ཛ་དྲག་དུ་འགྲོ་བཞིན་ཡོད། ལྷག་པར་དུ་དེང་གི་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་རྩོམ་པ་པོ་དང་ཤེས་ཡོན་ཅན་སོགས་ནས་རང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱད་དེ་བོད་ཀྱི་ཆོས་དང་རིག་གཞུང་སྦྱོང་སྤྱོད་སྤེལ་གསུམ་བྱས་པར་ཁ་བྲལ་གྱི་བྱ་བར་སྒྲོ་བཏགས་ཏེ་མུ་མཐུད་འཛིན་བཟུང་བཀག་སྐྱིལ་དང་བཙོན་འཇུག་ཁྲིམས་ཐག་གཅོད་བཞིན་ཡོད། རྒྱ་ནག་དམར་གཞུང་གི་བཙན་དབང་འོག་གི་སྲིད་བྱུས་ལག་བསྟར་བྱས་པ་རྣམས་བཟོད་ཐབས་བྲལ་རྐྱེན་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་ཤེས་རྟོགས་ར་འཕྲོད་གསལ་པོ་བྱུང་བའི་བོད་མི་རྒན་གཞོན་སྐྱ་སེར་དབྱེར་མེད་གྲངས་བརྒྱ་དང་ལྔ་བཅུ་ལྷག་གིས་རང་ལུས་མེར་བསྲེགས་གཏོང་དགོས་བྱུང་ཡོད། ཞི་བདེ་དང་དྲང་བདེན་ལ་དགའ་མོས་དང་ཉམས་ལེན་བྱེད་མཁན་འཛམ་གླིང་རྒྱལ་ཁབ་ཁག་གི་གནང་བབ་དང་། དུས་རབས་ཉེར་གཅིག་པའི་གནས་བབ་བཅས་ལ་བསམ་ཞིབ་ཀྱིས་རྒྱ་ནག་གི་དཔོན་རིགས་ཚོས་བོད་ཐོག་འཛིན་པའི་མཁྲེགས་བཟུང་ཅན་གྱི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ངེས་པར་དུ་གཏོང་དགོས་པ་དུས་ལ་བབ་ཡོད་པའི་སྐུལ་མ་ཞུ་རྒྱུ་ཡིན།

དེ་རིང་གི་ཉིན་མོར། གཞིས་བཞུགས་རང་རིགས་སྤུན་ཟླ་རྣམ་པ་དང་། འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མིས་གཙོས་ཞི་བདེ་ལ་དགའ་བའི་འཛམ་གླིང་མི་མང་ཡོངས་ཀྱིས། དགའ་དད་སྤྲོ་གསུམ་ངང་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་ལམ་ནས་མགོན་པོ་གང་གི་ཡོངས་གྲགས་ཐུགས་བསྐྱེད་མཛད་འགན་བཞི་དང་། དུས་རྟག་ཏུ་འཛམ་གླིང་ཀུན་ཁྱབ་མཛད་འཕྲིན་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་ཞིང་། ཡ་རབས་བཟང་སྤྱོད་དང་བྱམས་བརྩེ་ལྡན་པའི་བོད་མི་ཞིག་ཡོང་ཐབས་ཆེད་ཉམས་ལེན་ཞུ་རྒྱུའི་དམ་བཅའ་བསྐྱར་ནན་ཞུ་རྒྱུ་ནི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་དགོས་དོན་སྙིང་པོ་དེ་ཆགས་ཡོད་པས་བོད་མི་ཡོངས་ཀྱི་ཉིན་རེའི་འཚོ་བའི་ནང་ལག་བསྟར་ཉམས་ལེན་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།

བོད་དང་བོད་མིའི་རིག་གཞུང་ཐད་ལ་རྒྱ་གར་གཞུང་མང་གཉིས་ནི་ཧ་ཅང་གི་བཀའ་དྲིན་ཆེན་པོ་དང་། དེ་བཞིན་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་གཙོས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་། དབུ་ཁྲིད་རྣམ་པ། ཚོགས་པ་དང་མི་སྒེར་བཅས་ཚང་མར་དེ་རིང་གི་དུས་བཟང་འདིར་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཀྱི་སྐྱིད་པའི་ཉིན་མོ་མགྱོགས་ནས་མྱུར་དུ་འཆར་བའི་སྨོན་འདུན་དང་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༦ ལ།།