
༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༢ པའི་ཚེས་ ༢༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ལྷོ་ཕྱོགས་ས་གནས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་དཀར་སྤུངས་པའི་འདུས་སྤྱི་ནས་༸རྒྱལ་བ་སྐུའི་ཕྲེང་བས་མཛད་པ་རྣམ་ཐར་བདག་གིར་བཞེས་པ་ལྟར་འབྲས་སྤུངས་ཚོགས་ཆེན་འདུ་ཁང་ཆེན་མོ་རུ་གསེར་ཁྲིར་མངའ་གསོལ་དང་། བརྟན་བཞུགས་བསྟར་འབུལ་ཞུས་གནང་སོང་།

སྐབས་དེའི་མཛད་སྒོའི་ཐོག་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག འབྲས་སྤུངས་མཁན་པོ་ཁྲི་པ་རྟོགས་ལྡན་རིན་པོ་ཆེ་མཆོག དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག

གཞན་ཡང་རིན་པོ་ཆེ་རྣམ་པ་དང་། འབྲས་སྒོ་མང་དང་བློ་གླིང་གིས་གཙོས་པའི་དགོན་སྡེ་ཁག་གི་མཁན་ལས་ཟུར་རྣམ་པ། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས། མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་རིན་ཆེན་དབང་མོ་ལགས། སེར་སྐྱ་མི་མང་སོགས་ཕེབས་འདུག

དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་འབྲས་སྤུངས་ཁྲི་པར་གསེར་ཁྲིར་མངའ་གསོལ་དང་། མགོན་པོ་གང་ཉིད་མཆོག་ལ་ཐུགས་རྗེ་བཀའ་དྲིན་ཆེ་ཞུའི་མཚོན་བྱེད་དུ། འབྲས་སྤུངས་མཁན་པོ་ཁྲི་པ་སྐྱབས་རྗེ་རྟོགས་ལྡན་རིན་པོ་ཆེ་དང་། གྲྭ་ཚང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་པ་གཉིས་བཅས་ནས་གསེར་ཟངས་ལས་གྲུབ་པའི་༸རྗེ་འཇམ་དབྱངས་ཆོས་རྗེའི་སྐུ་བརྙན་བྱོན་ལེགས་ཤིག་འབུལ་ལམ་ཞུས་པ་དང་།

དེ་བཞིན་སྟག་ཚང་རྭ་སྟོད་གྲྭ་ཚང་ནས། ༧རྒྱལ་དབང་མཆོག་ནས་མི་ལོ་དགུ་བཅུའི་རིང། འཇིག་རྟེན་ཁྱོན་ལ་གཞན་ཕན་འཕྲིན་ལས་ཀྱིས་དབང་བསྒྱུར་བའི་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ། ཆོས་ཀྱི་འཁོར་ལོ་ཞིག་རྭ་སྟོད་མཁན་རིན་པོ་ཆེ་དང་མཁན་ཟུར་རྣམ་པ་གཉིས་བཅས་ནས་འབུལ་ལམ་ཞུས་གནང་སོང་པ་བཅས།



