
༄༅། །༧སྐུའི་གོ་སྟོན་སྲུང་བརྩི་དང་བསྟུན་བྱམས་བརྩེའི་ལོ་སྲུང་བརྩིའི་སླད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། སིམ་ལ་སྤྱི་ཁྱབ་ལས་ཁུངས་ཟུང་སྦྲེལ་ཐོག ཕྱི་ལོ་ ༢༠༢༥ ཟླ་ ༡༠ པའི་ཚེས་ ༤ ཉིན་སིམ་ལ་གྷན་དྷི་ཐང་ཆེན་ (Shimla Gandhi Maidan, Gaiety Theater) དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་། ༧གོང་ས་མཆོག་གིས་གསོལ་སྩལ་གནང་བའི་བོད་མིའི་མང་གཙོ་ཞེས་པའི་བརྗོད་གཞིའི་ཐོག་པར་རིས་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པ་རེད།

དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠།༠༠ པའི་ཐོག་འགྲེམས་སྟོན་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་པའི་སྐུ་མགྲོན་རྣམ་པ་དང་། འབྲེལ་ཡོད་ལས་བྱེད་རྣམ་པ། ས་གནས་མི་མང་བཅས་ཕེབས་ཡོད་འདུག

དེ་ཡང་ཐོག་མར་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་དར་མཚོན་སྣ་ལྔ་གཅོད་འབྲེག་དང་། དགེ་འདུན་བཞི་གྲྭ་གཅིག་ནས་བཀྲ་ཤིས་པའི་ཤིས་བརྗོད་གསུང་འདོན་དང་བཅས་འགྲེམས་སྟོན་དབུ་འབྱེད་གནང་བ་དང་། དེ་ནས་ས་འཐུས་ཚོགས་གཙོ་ཟུར་པ་བསྟན་འཛིན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་གལ་གནད་སྐོར་ལ་གསུང་བཤད་དང་།

ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་ལྷ་མོ་ལགས་ཀྱིས་མང་གཙོའི་འཕེལ་རིམ་སྐོར་དང་། མང་གཙོའི་ནང་མི་མང་གི་འགན་ཁུར་བཞེས་ཕྱོགས་སྐོར་ངོ་སྤྲོད་གནང་རྗེས། སྐུ་མགྲོན་གཙོ་བོ་མཆོག་ལ་གོ་སྟོན་དྲན་རྟེན་ཕྱག་རྟགས་ཕུལ་བ་དང་།

མཐར་སིམ་སྤྱི་ལྷག་པ་ཚེ་རིང་ལགས་ཀྱིས་སྐུ་མགྲོན་རྣམ་པ་དང་། མི་མང་། ལས་བྱེད་རྣམ་པས་མཐུན་འགྱུར་འབད་བརྩོན་གནང་བར་བརྟེན་ནས་འགྲེམས་སྟོན་ཚགས་ཚུད་བྱུང་བར་ཐུགས་རྗེ་ཆེ་ཞུས་གནང་རྗེས། འགྲེམས་སྟོན་དངོས་གཞི་འགོ་འཛུགས་གནང་ཡོད་པ་བཅས།
