སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་ ༣༤ འཁོར་བའི་དུས་དྲན་སྲུང་བརྩི་ཉིན་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་མཛད་སྒོར་ཕེབས་གནང་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༠ ཉིན་ཨོ་སི་ཊོ་ལི་ཡའི་མངའ་སྡེ་ཁུན་སི་ལེན་ཌེ་ (Queensland) བོད་རིགས་མཐུན་ཚོགས་ནས་ Wynnum Community Centre, Brisbane དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན་སྲུང་བརྩི་ཞུས་གནང་ཡོད་འདུག

སྐབས་དེར་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་མཛད་སྒོའི་སྐུ་མགྲོན་དུ་གདན་ཞུས་ལྟར་ཕེབས་ཡོད་པ་དང་། སྐུ་མགྲོན་གཙོ་བོར་ལྕམ་སྐུ་ Belinda Ellis མཆོག་ཕེབས་ཡོད། གཞན་ཡང་ཝེ་ཏི་ནམ་གྱི་ཚོགས་སྡེ་ (QLD) ཡི་ཚོགས་གཙོ་ནམ་རྒྱལ་ཚེ་རིང་ (OAM) མཆོག་དང་། བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་Cuong Bei ལགས། ATC ཡི་ཚོགས་མི་ Kay དང་ Rose ལགས། དེ་བཞིན་དགེ་བཤེས་ཚུལ་ཁྲིམས་མཆོག་དང་། Sunshine Coast ཏུ་ཆགས་པའི་སྤྱན་རས་གཟིགས་ནང་པའི་སློབ་གཉེར་ཁང་གི་ལས་བྱེད་རྣམས་ཀྱང་ཕེབས་གནང་ཡོད་འདུག

དེ་ཡང་བོད་རྒྱལ་ཁབ་ཆེན་པོ་དང་ཨོ་སི་ཊོ་ལི་ཡའི་རྒྱལ་ཁབ་ཀྱི་རྒྱལ་གླུ་དང་བཅས་མཛད་སྒོ་དབུ་འཛུགས་བསྐྱངས། ཐོག་མར་༧གོང་ས་མཆོག་གི་སྐུ་བརྙན་ལ་མཇལ་དར་ཕུལ། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་དང་། སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག དེ་བཞིན་སྐུ་མགྲོན་གཞན་རྣམས་ནས་གསུང་བཤད་གནང་རྗེས། གཟའ་མཇུག་སློབ་གྲྭའི་སློབ་ཕྲུག་རྣམས་ནས་སྐུ་མགྲོན་དང་མི་མང་རྣམས་ལ་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས།

བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་གིས་ཕྱི་ཡི་སྐུ་མགྲོན་གཙོ་བོ་རྣམས་ལ་ཨིན་སྐད་ཐོག་བོད་མིའི་དཀའ་རྙོག་གི་གནས་སྟངས་ཤེས་རྟོགས་ཐུབ་པ་དང་། གདེང་ཚོད་རྙེད་པའི་ཐོག་ནས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་དགོས་སྐོར་འབོད་སྐུལ་ཞུས་གནང་བ་མ་ཟད། བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཐབས་ལམ་སྣ་ཚོགས་ཡོད་པའི་ནང་ནས་ལག་དེབ་སྔོན་པོའི་ཚོགས་མིའི་ཁོངས་སུ་ཞུགས་རྒྱུའི་སྐོར་སོགས་གསུངས་གནང་སོང་། ཁོང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཊོ་ལི་ཡར་ཐེངས་བཅུ་ལྷག་ཕེབས་གནང་མཛད་པའི་ནང་ནས་ཁུན་སི་ལེན་ཌེ་རུ་ཐེངས་གསུམ་ཙམ་ཕེབས་པའི་སྐོར་ཡང་གསུངས་གནང་འདུག

ཁོང་གིས་བོད་སྐད་ནང་བོད་མི་རྣམས་མཐུན་སྒྲིལ་དགོས་རྒྱུ་གལ་ཆེ་སྐོར་དང་། གཞོན་སྐྱེས་ཚོར་སོ་སོའི་ཤེས་ཚད་དང་ནུས་པར་དཔགས་པའི་བོད་དོན་ཆེད་དང་བླངས་བོད་དོན་ཞུ་གཏུག་ (V-TAG) ནང་མཉམ་ཞུགས་གནང་དགོས་རྒྱུའི་དྲན་སྐུལ་ཡང་གནང་སོང་།

 

བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ཉི་མ་ལགས་ནས་ཉིན་མོ་འདིའི་གལ་གནད་སྐོར་དང་། ཚོགས་མི་རྣམས་ནས་བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་ཆེད་མཐུན་སྦྱོར་གང་འདྲ་གནང་གི་ཡོད་སྐོར་གསུངས་གནང་སོང་།

བོད་རིགས་མཐུན་ཚོགས་ནས་སྐུ་མགྲོན་རྣམས་གདན་ཞུས་ལྟར་ཕེབས་པར་མཇལ་དར་དང་དྲིན་གཟོའི་ཕྱག་རྟགས་ཕུལ་ཏེ་ཐུགས་རྗེ་ལེགས་གསོལ་ཞུས་གནང་སོང་། མཛད་སྒོ་དེ་ཚོགས་པའི་རོགས་དངུལ་འཚོལ་སླད་རྩེད་རིགས་ཁག་ཅིག་བརྩེད་ནས་མཛད་སྒོ་མཇུག་བསྡུས་གནང་།

མཐུན་ཚོགས་ཀྱི་ཚོགས་གཞོན་མཆོག་ནས་མཛད་སྒོ་འདི་དང་གཟིགས་མོ་བ་རྣམས་ཞི་འཇམ་ཡོང་བར་མཐུན་རྐྱེན་སྒྲུབ་མཁན་གྱི་སྐུ་མགྲོན་དང་ཚོགས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། ཨོ་སི་ཊོ་ལི་ཡའི་མངའ་སྡེ་ཁུན་སི་ལེན་ཌེ་ནང་བོད་མི་གནད་སྡོད་ཁྱིམ་ཚང་ ༢༠༠ ལྷག་ཡོད་པ་དང་། མང་ཆེ་བ་ Brisbane, Gold Coast, Sunshine Coast and Logan regions དུ་གནས་ཀྱི་ཡོད་འདུག

མཐུན་ཚོགས་དེ་འཛིན་སྐྱོང་འགན་འཛིན་དགུ་ཡིས་འགན་བཞེས་དང་། དེ་ཡང་དུས་ཡུན་ལོ་གཉིས་རེའི་མཚམས་འོས་བསྡུའི་ལམ་ནས་འདེམས་བསྐོ་གནང་གི་ཡོད་འདུག་པ་བཅས།