སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གོ་སྟོན་གོ་སྒྲིག་ཞུ་ཕྱོགས་དང་འབྲེལ་བའི་ཐོག་ཉིན་གྲངས་གསུམ་རིང་དམིགས་བསལ་ཚོགས་ཆེན་ཞིག་ཚོགས་པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༡ ཉིན་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག རྡ་སའི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ (Imperial Heights Clarks Inn) གསོལ་མགྲོན་ཁང་དུ་བོད་ལྗོངས་མདོ་སྨད་ཆོལ་ཁའི་ངོས་ནས་ཕྱི་ལོ་ ༢༠༢༥ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གོ་སྟོན་གོ་སྒྲིག་ཞུ་ཕྱོགས་དང་འབྲེལ་བའི་ཐོག་ཉིན་གྲངས་གསུམ་རིང་དམིགས་བསལ་ཚོགས་ཆེན་ཞིག་དབུ་འཛུགས་གནང་སོང་།

དེ་ཡང་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ད་ལྟ་གོང་དུ་མདོ་སྨད་ཆོལ་ཁའི་ཚོགས་གཙོས་གསུངས་པ་བཞིན། དེ་སྔོན་མདོ་སྨད་ཆོལ་ཁའི་གོ་སྒྲིག་འོག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༨༠ ལ་ཕེབས་སྐབས་༧སྐུའི་གྱ་སྟོན་ཟབ་ཅིང་རྒྱས་པ་ཡག་པོ་བྱུང་ཡོད་རེད། སྐབས་དེ་དུས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་དགུང་ལོ་ ༩༠ ལ་ཕེབས་སྐབས་སུ་གོ་སྟོན་ཞིག་ང་ཚོ་སེམས་ཤུགས་བསྐྱེད་ནས་གནང་ཐུབ་ཀྱི་རེད་ཅེས་བཀའ་སློབ་ཕེབས་ཡོད་རེད། རྣམ་པ་ཚོས་བཀའ་སློབ་དེ་སྙིང་ལ་བཅངས་ནས་དེ་རིང་སྔོན་འགྲོའི་གྲ་སྒྲིག་གི་ཚོགས་འདུ་ཞིག་འཚོགས་ཀྱི་ཡོད་པ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གྱ་སྟོན་དང་། གོ་སྟོན་སྲུང་བརྩི་ཞུ་རྒྱུའི་གོ་སྐབས་ཐོབ་པ་དེ་ང་ཚོར་ཧ་ཅང་གི་བསྐལ་པ་བཟང་པོ་ཆགས་ཀྱི་ཡོད་རེད། དེ་ཡང་མདོ་སྨད་ཆོལ་ཁའི་ངོས་ནས་གྲ་སྒྲིག་གནང་དགོས་པ་དེ་ཡང་། གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁྲུངས་ཡུལ་དེ་བཞིན་མདོ་སྨད་སྐུ་འབུམ་སྟག་མཚེར་ནས་ཡིན་པའི་ཆ་ནས།  རྣམ་པ་ཚོ་དང་འབྲེལ་བ་ཞིག་ཆགས་བསྡད་དུས་རྣམ་པས་ཚོས་དམིགས་བསལ་གྱིས་ཐུགས་ཁུར་བཞེས་བསྡད་ཀྱི་ཡོད་རེད། དེར་སྔོན་མ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལེགས་སོའི་བསྔགས་བརྗོད་ཆེན་པོ་གནང་སོང་། དེ་ཡིན་དུས་དེ་རིང་རྣམ་པ་ཚོས་དེ་འདྲའི་འབྲེལ་བའི་ཐོག་ནས་དེ་འདྲ་སྔོན་འགྲོའི་གྲ་སྒྲིག་ཆེད་ཚོགས་འདུ་གོ་སྒྲིག་གནང་བར་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་དང་འབྲེལ་ནས། ང་ཚོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་ཐོག་བལྟས་པ་ཡིན་ན། ༧གོང་ས་མཆོག་ནི་བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་། བོད་མིའི་ངོ་བོ་དང་། ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ས་ཡ་དྲུག་སྤྱི་བོ་གནམ་བསྟན་ཡོངས་ཀྱི་མགོན་སྐྱབས་ཆགས་བསྡད་ཡོད་རེད། གནའ་སྔ་མོའི་ཤོད་སྟངས་བྱས་པ་ཡིན་ན། མང་པོས་བཀུར་བའི་རྒྱལ་པོ་ལྟ་བུ་དང་། དེ་ལས་རྒྱ་ཆེ་ཙམ་བྱས་ནས་བཤད་པ་ཡིན་ན། དེང་སང་གི་འཛམ་གླིང་མི་འབོར་ཐེར་འབུམ་བདུན་བརྒྱད་ཚང་མས་བརྩི་བཀུར་ཞུ་ས། དེ་ཡང་ང་ཚོས་ཞུ་སྲོལ་ཡོད་པ་གཞིར་བཟུང་། འཇིག་རྟེན་ཞི་བདེའི་དེད་དཔོན་ཞེས་དེ་འདྲའི་མཚན་གནས་ཡོད་པ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་། ཐུགས་བསྐྱེད་ཐོག་ལ་བལྟས་པ་ཡིན་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་ནས། དང་པོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མིའི་སྤྱི་ཚོགས་ནང་བྱམས་བརྩེ་དང་། འཆམ་མཐུན་གོང་མཐོར་གཏོང་ཐབས་དང་། གཉིས་པ་ཆོས་པ་ཞིག་ཡིན་པའི་ཆ་ནས། ནང་པ་ཙམ་མིན་པར། ཆོས་ལུགས་ཚང་མའི་དབར་ནང་ཁུལ་མཐུན་སྒྲིལ་ཡོང་ཐབས། གསུམ་པ་བོད་མི་ཞིག་ཡིན་པའི་ཆ་ནས། བོད་ཀྱི་ཆོས་དང་། རིག་གཞུང་རྣམས་ངོ་སྤྲོད་དང་སྲུང་སྐྱོབ་དར་སྤེལ་གཏོང་ཐབས། ཐུགས་བསྐྱེད་དམ་བཅའ་བཞི་པ་དེ་རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ་གནང་ཐབས་བཅས་ཀྱི་ཐོག་ལ་ཐུགས་ཁུར་གནང་གི་ཡོད་པ་དང་། དེ་བཞི་ལས་འཕྲོས་པའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་མཛད་པ་འཕྲིན་ལས་ཧ་ལས་པའི་རྒྱ་ཆེན་པོ་ཆགས་བསྡད་ཡོད་རེད། དེང་སང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བསླབ་གཞིའི་ (SEE learning) ཐོག་འཛམ་གླིང་ཁྱོན་ཡོངས་ནས་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པ་དང་། དེ་ཚོའི་གྲས་ང་ཚོ་སྒེར་སོ་སོར་ལམ་སེང་ཁེ་ཕན་མྱོང་ཐུབ་རྒྱུ་མེད་ནའང་། འཛམ་གླིང་སྤྱིའི་གནས་བབ་ཐོག་བལྟས་པ་ཡིན་ན། དེ་ཚོའི་གྲས་ཧ་ལས་པའི་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། འཛམ་གླིང་འདིའི་ཐོག་ཚན་རིག་དར་བ་ནས་བཟུང་སྟེ། སོ་སོའི་རྒྱལ་ཁབ་ཁོ་ན་སྲུང་སྐྱོབ་ཆེད་དམག་འཁྲུག་དང་། གོ་མཚོན་སོགས་ཕོན་ཆེན་པོ་བཟོས་ཏེ་ཉེན་ཁ་ཞིག་ཆགས་བསྡད་ཡོད་པའི་སྐབས་སུ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞིའི་ཐོག་ནས། འཛམ་གླིང་འདིའི་ཐོག་གཅིག་གིས་གཅིག་ལ་བརྩེ་བ་དང་། འཛམ་གླིང་འདི་ཁྱིམ་ཚང་གཅིག་གི་འདུ་ཤེས་ཡོང་ཐབས་དང་། འཛམ་གླིང་དེའི་སྟེང་ཡོད་པའི་མི་འབོར་ཐེར་འབུམ་བརྒྱད་ཚང་མ་འགྲོ་བ་མིའི་རིགས་གཅིག་གི་འདུ་ཤེས་སླེབས་ཐུབ་ཐབས། རྒྱལ་ཁབ་གཅིག་ལ་གནོད་སྐྱོན་བྱུང་བ་ཡིན་ན། འཛམ་གླིང་ཁྱོན་ཡོངས་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པ་རང་བཞིན་ཆགས་བསྡད་ཀྱི་ཡོད་པ་རེད། དཔེར་ན། ནད་ཡམས་ལྟ་བུར་ཆ་མཚོན་ན། ཐོག་མར་ཏོག་དབྱིབས་ནད་ཡམས་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པ་དང་། དེ་ནས་འཛམ་གླིང་ཁྱོན་ཡོངས་ལ་ནད་ཡམས་ཀྱི་དཀའ་ངལ་འཕྲད་པ་རེད། དེ་བཞིན་དེང་སང་ཡུག་རེན་ནང་དམག་འཁྲུག་འགྲོ་བཞིན་ཡོད་པ་རེད། དེས་འཛམ་གླིང་སྤྱི་ལ་དཀའ་ངལ་ཡོང་བསྡད་ཀྱི་ཡོད་པ་མ་ཟད། དཀའ་ངལ་དེ་སེལ་ཐབས་སླད་འཛམ་གླིང་རྒྱལ་ཁབ་ཚང་མས་བསམ་བློ་གཏོང་དགོས་པའི་གནས་སྟངས་ལྟ་བུ་ཆགས་བསྡད་ཡོད་རེད། དེ་འདྲའི་ཐོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དེ་འཚེ་བ་མེད་པའི་ཐོག་ནས་བཟང་སྤྱོད་ཀྱི་སྤྱི་ཚོགས་ཤིག་བསྐྲུན་ཐབས་གནང་བ་དེས། འཛམ་གླིང་སྤྱི་ཡོངས་ལ་ཕན་ཐོགས་བྱུང་ཐུབ་པ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དེ་བཞིན་བོད་ཙམ་མ་ཡིན་པར། དེ་འདྲའི་ཐུགས་བསྐྱེད་ཐོག་ནས་འཛམ་གླིང་སྤྱི་ལ་ཁྱབ་པ་ཙམ་མ་ཟད། དངོས་སུ་ཕྱག་ལས་གནང་ནས་ཕན་ཐོགས་ཐུབ་པ་ཞིག་ཆགས་བསྡད་ཀྱི་འདུག དེ་དག་ཚང་མ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་སྐུ་ལས་བསྐྱོན་ནས་བྱུང་བ་ཞིག་ཆགས་བསྡད་ཡོད་རེད།

གཞན་ཡང་འཛམ་གླིང་སྤྱིའི་ལུགས་སྲོལ་ནང་སྒྲིག་འཛུགས་ཁག་ལོ་ ༢༥ འཁོར་བའི་དུས་དྲན་དང་། ལོ་ ༥༠ འཁོར་བའི་དུས་དྲན་། དེ་བཞིན་སོ་སོའི་སྐྱེས་སྐར་གཏོང་སྲོལ་འདུག  མི་ལོ་ཚད་ཀྱི་དབང་གིས་བོད་ནང་ལ་གནའ་སྔ་མོ་ནས་གྱ་སྟོན་སྲུང་བརྩི་གནང་སྲོལ་ཡོད་རེད། གོ་སྟོན་ཟེར་བ་དེ་ཕལ་ཆེར་གསར་པ་འདྲ་པོ་ཞིག་ཆགས་ཀྱི་ཡོད་ཚོད་འདུག གྱ་སྟོན་སྐབས་བུ་ཕྲུག་ཚོས་སོ་སོའི་ཕ་མའི་བཀའ་དྲིན་དྲན་ཤེས་བྱེད་རྒྱུ་དང་། ནང་མི་ཉེ་འབྲེལ་ལྷན་འཛོམས་ཀྱིས་བཀའ་དྲིན་དྲན་གསོ་ཞུ་རྒྱུས་མཚོན་པའི་ཕ་མར་ཆེ་བསྟོད་གནང་སྲོལ་ཡོད་པ་རེད། དེ་ཡང་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གོ་སྟོན་སྲུང་བརྩིའི་སྐབས་མགོན་པོ་ཉིད་ཀྱི་བཀའ་དྲིན་རྗེས་དྲན་ཚད་ལྡན་ཡོང་ཐུབ་དགོས་པ་དང་། དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུ་ཡིན་ཞེས་གསུངས་པ་ལྟར། གོ་སྟོན་རྗེས་སུ་ལོ་བཅུ་ཕྲག་བཅུ་ཕྲག་མཚམས་ལ་གང་བྱེད་རྒྱུ་འདུག དེ་ཚོའི་ཐོག་ལའང་བསམ་བློ་བཏང་བ་ཡིན་ན། ཏན་ཏན་ཐུགས་ཕན་ཆེན་པོ་ཡོད་རེད་བསམ་གྱི་འདུག ༧སྐུའི་གོ་སྟོན་སྐབས་ཕྱིའི་རྣམ་པ་ཙམ་མིན་པར། སྤྱི་ཚོགས་ཁྱོན་ཡོངས་ལ་ཁ་ཡོད་ལག་ཡོད་ཀྱི་༧གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་ཏེ། ཕན་ཐོགས་ཐུབ་ཐབས་དང་། དེ་བཞིན་སྲུང་བརྩི་ཞུ་སྐབས། བཞུགས་སྒར་རྡ་ས་ཙམ་མིན་པར། ས་གནས་ཚང་མའི་ནང་ལོགས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་ཐུགས་ཉེ་པོ་ཡོད་མཁན་གནད་ཡོད་མི་སྣ་རྣམས་དང་ལྷན་འབྲེལ་བ་གནང་སྟེ། ས་གནས་སོ་སོའི་ནང་སྲུང་བརྩི་བྱེད་ཐུབ་ཐབས་དང་། དེའི་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ཁག་ངོ་སྤྲོད་གནང་ཐུབ་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་འདུག

རྩ་བའི་གོ་སྟོན་སྲུང་བརྩི་ཞུ་དགོས་པ་དེ། ང་ཚོའི་རིག་གཞུང་གི་ངོ་བོ་ཆ་ནས་གཅིག་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ཡིན་པའི་ཆ་ནས་གཅིག། དེ་བཞིན་རྒྱལ་སྤྱིའི་ནང་གི་ཆབ་སྲིད་དང་རྒྱལ་སྤྱིའི་གནས་བབ་ཀྱི་ཐོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་སྲུང་བརྩི་ཞུ་རྒྱུར་རྣམ་པ་འདྲ་པོ་མི་འདྲ་བ་མི་འདྲ་བ་ཡོང་ཐུབ་རྒྱུར་ཁོར་ཡུག་འདྲ་པོ་གང་འདྲ་འདུག དེ་ཚོོའི་གྲས་གཞི་ལ་བཞག་ནས་རྣམ་པ་ཚོས་གོ་བསྡུར་གནང་ནས་ལས་འཆར་བང་ཡག་པོ་བསྒྲིག་སྟེ། རིམ་པས་གོམ་པ་སྤོས་ཐུབ་ན་དེའི་ཐོག་མཐུན་འགྱུར་ཞུ་རྒྱུར་དཀའ་ངལ་འཕྲད་ཀྱི་མ་རེད་བསམ་གྱི་འདུག བོད་ནང་༧སྐུའི་གོ་སྟོན་སྲུང་བརྩི་ཞུ་རྒྱུར་ཆབ་སྲིད་ཀྱི་གནས་བབ་ཐོག་ནས་དཀའ་ངལ་ཡོད་ཀྱང་། གཞིས་བཞུགས་བོད་མི་ཚོའི་སེམས་པ་གཞག་ས་འདྲ་པོ་ཡོང་ཐུབ་རྒྱུར་ང་ཚོའི་ངོས་ནས་ག་རེ་བྱེད་ཐུབ་ཀྱི་ཡོད་པའི་ཐོག་ལའང་དགོངས་པ་བཞེས་པ་ཡིན་ན། རྟེན་འབྲེལ་གྱི་ཐོག་ནས་ཁྱད་པར་ཡོད་རེད་བསམ་པ་དྲན་གྱི་འདུག དེ་གལ་ཆེན་པོ་ཞེ་དྲག་རེད།

དེ་བཞིན་རྒྱ་གར་ནང་གི་ཆབ་སྲིད་མི་སྣ་དང་། ཤེས་ཡོན་ཅན་མི་སྣ་མང་པོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་བཞེས་ཕྱོགས་ལ་ཡིད་ཆེས་ཆེན་པོ་གནང་གི་ཡོད་པ་རེད། དེ་འདྲའི་ཐོག་ནས་རྒྱ་གར་གྱི་གནད་ཡོད་མི་སྣ་དང་། ཤེས་ཡོན་ཅན་རྣམས་དང་ལྷན་༧སྐུའི་གོ་སྟོན་སྲུང་བརྩི་ཞུ་ཕྱོགས་ཐོག་ནས་འབྲེལ་བ་གནང་སྟེ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་ལ་ཆེ་བསྟོད་ཆེན་པོ་ཡོང་ཐབས་གནང་དགོས་པ་གལ་ཆེན་པོ་ཡིན་པ། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་འབྲེལ་བའི་ཐོག་༧སྐུའི་གོ་སྟོན་སྲུང་བརྩི་ཞུ་རྒྱུར་གང་དང་གང་གནང་རྒྱུ་ཡོད་མེད་སོགས་ཀྱི་ཐོག་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་ཡིན་པ་སོགས་གསུངས་གནང་ཡོད་པ་བཅས། །