
༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༢ པའི་ཚེས་ ༣༡ ཉིན་བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་བཅས་ལས་གྲུབ་པའི་ཚོགས་ཆུང་གིས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་གྲོས་ཆོད་ཡིག་ཆ་ཨང་ ༥༤ པའི་དགོངས་དོན་ལྟར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མང་གཙོ་དང་། སྤྱི་འཐུས་ལྷན་ཚོགས་སུ་བསྩལ་བའི་བཀའ་སློབ་ཁག་དེབ་གཟུགས་སུ་ཕྱོགས་བསྒྲིགས་དང་། བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པའི་དཔེ་དེབ་ཁ་བསྐོང་རྩོམ་སྒྲིག་ཚོགས་ཆུང་གི་ལས་དོན་མཇུག་བསྒྲིལ་ཏེ། ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་ཕུལ་གནང་སོང་།

དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་དགུ་པའི་གྲོས་ཆོད་ཡིག་ཆ་ཨང་ ༥༨ དགོངས་དོན་ལྟར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མང་གཙོ་དང་། སྤྱི་འཐུས་ལྷན་ཚོགས་སུ་བསྩལ་བའི་བཀའ་སློབ་ཁག་དེབ་གཟུགས་སུ་ཕྱོགས་བསྒྲིགས་ཞུ་རྒྱུ་དང་། བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ་ཞེས་པའི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་དཔེ་དེབ་ཁ་བསྐོང་རྩོམ་སྒྲིག་བྱ་རྒྱུ་ཆེད་མི་འགྲོ་གསུམ་ལས་གྲུབ་པའི་ཚོགས་ཆུང་ཆེད་འཛུགས་དགོས་པ་གསལ་བ་ལྟར། དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༨ ཉིན་ཚོགས་ཆུང་གི་མི་འགྲོར་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་དང་། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་བཅས་ལ་བསྐོ་གཞག་བཀོད་ཁྱབ་གནང་རྗེས། ཕྱི་ཟླ་ ༤ པའི་ཚེས་ ༢༤ ཉིན་སྤྱི་འཐུས་རྣམ་པ་གསུམ་དངོས་སུ་ལྷན་འཛོམས་ཀྱིས་ལས་དོན་དངོས་སུ་དབུ་འཛུགས་ཀྱིས་ད་བར་ཟླ་བ་བརྒྱད་ལྷག་རིང་བཀའ་སློབ་དེབ་གཟུགས་སུ་ཕྱོགས་བསྒྲིགས་ཞུ་རྒྱུ་དང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་དཔེ་དེབ་ཁ་བསྐོང་རྩོམ་སྒྲིག་བཅས་ཀྱི་ཐོག་ལས་དོན་སྤེལ་ཏེ། དེ་རིང་ཕྱི་དྲོ་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་བརྒྱུད་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་ཕུལ་གནང་བ་བཅས།
