སྡེ་ར་ལྡུན་བདེ་སྐྱིད་གླིང་དུ་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༢ ཉིན་སྡེ་ར་ལྡུན་བདེ་སྐྱིད་གླིང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་ཉིན་གྲངས་ལྔའི་རིང་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་ཡོད།

ཐེངས་འདིའི་ཟབ་སྦྱོང་ནང་སྡེ་ར་ལྡུན་བདེ་སྐྱིད་གླིང་དང་། སྤོན་ཊ་ཆོལ་གསུམ། ཧར་པ་སྤུར། ཀུམ་རའོ། ས་ཊོན་ཁམས་ཀཿཐོག སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་བཅས་ཀྱི་ས་གནས་འགོ་འཛིན་དང་། ས་འཐུས་རྣམ་པ། སྡེ་ར་ལྡུན་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི། དོན་གྲུབ་གླིང་གི་དོ་དབྱིངས་ཅན་བཅས་ཁྱོན་ཚོགས་བཅར་བ་མི་གྲངས་ ༣༢  མཉམ་ཞུགས་གནང་ཡོད་འདུག

དེ་ཡང་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པར་ཚོགས་བཅར་བ་རྣམ་པ་ཚོགས་ཁང་ནང་ཚང་འཛོམས་ཐོག་ཟབ་སྦྱོང་དབུ་འཛུགས་ཀྱི་མཛད་སྒོ་ཚོགས་ཤིང་། སྐབས་དེར་བདེ་སྐྱིད་གླིང་ས་གནས་ལས་དྲུང་བསྟན་འཛིན་སྒྲོལ་མ་ལགས་ནས་ཚོགས་འདུ་དབུ་འཛུགས་ཀྱི་མཛད་རིམ་སྒྲོག་སྦྱངས་དང་། སྡེ་ར་ལྡུན་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་གནང་འདུག

དེ་རྗེས་ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་གིས་མང་གཙོའི་ངོ་བོ་དང་གལ་གནད། རྒྱལ་སྤྱིའི་ནང་གི་མང་གཙོའི་འཐབ་རྩོད་གནང་ཕྱོགས། ཨ་རབ་དང་། ཡུ་ཀེ་རན་རྒྱལ་ཁབ་ནང་གི་འོས་བསྡུ་གནང་ཕྱོགས་སོགས་ཀྱི་སྐོར་དང་། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསོལ་སྩལ་གནང་བའི་མང་གཙོ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཆེད་འཛུགས་མཛད་པའི་བཀའ་དྲིན་སྙིང་བཅངས་ཐོག་མི་མང་གི་ངོས་ནས་རང་དབང་དང་། དྲང་བདེན། འདྲ་མཉམ། ཤེས་ཡོན། རྣམ་དཔྱོད་སོགས་བེད་སྤྱད་དེ་ཆ་ཤས་ལེན་དགོས་པའི་སྐོར་སོགས་ཀྱི་གསུང་བཤད་གནང་བ་དང་།

ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ད་རེས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བའི་དམིགས་ཡུལ་དང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གལ་ཆེ་དོན་ཆེན་དུ་གཟིགས་ཏེ། བཅའ་ཁྲིམས་གྱི་དགོངས་དོན་འོག་ས་གནས་འཐུས་ཚོགས་ཆེད་འཛུགས་མཛད་པ་དང་། ད་རེས་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཚོའི་ངོས་ནས་ཀྱང་ཟབ་སྦྱོང་འདི་བརྒྱུད་ཉམས་མྱོང་གང་བསགས་པ་དེ་བཞིན་གཞན་ལ་ལམ་སྟོན་དང་། འགྲེལ་བརྗོད་གནང་ཐུབ་པའི་དགེ་མཚན་ཡོད་སྐོར། དེ་བཞིན་ས་འཐུས་དང་། ས་གནས་འགོ་འཛིན་རྣམ་པ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འགན་ཁུར་མཁན་གལ་ཆེ་ཤོས་ཀྱི་གྲས་ཡིན་པས། ས་འཐུས་རྣམས་ཀྱིས་འཛིན་སྐྱོང་ལ་སྟངས་འཛིན་ཡག་པོ་གནང་དགོས་པ་སོགས་ཀྱི་གསུང་བཤད་གནང་འདུག

དེ་རྗེས་ཕྱོགས་བཞུགས་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱང་ཆུབ་སེམས་པའི་སྤྱོད་པ་རླབས་པོ་ཆེ་ལ་བརྟེན་ནས་བྱུང་བའི་བོད་མིའི་མང་གཙོའི་ཁྱད་ཆོས་ངོ་སྤྲོད་གནང་བ་དང་། ཁྲིམས་སྒྲིག་ཤེས་དགོས་པ་གལ་ཆེར་སོང་། ཚོགས་བཅར་བ་རྣམས་ཀྱིས་ཆ་ཤས་བཞེས་པའི་ཐོག་ནས་གོ་རྟོགས་ཡར་རྒྱས་གོང་འཕེལ་ཡོང་བའི་རེ་བ་ཡོད་ཅེས་སོགས་གསུང་བཤད་གནང་འདུག

མཐར་བདེ་སྐྱིད་གླིང་ས་འཐུས་ཚོགས་གཙོ་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས། ཟབ་སྦྱོང་དངོས་གཞི་འགོ་འཛུགས་གནང་ཞིང་།

དེ་ཡང་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་སྐོར་ཟབ་ཁྲིད་དང་། དེ་བཞིན་ཚོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཟབ་སྦྱོང་ཉིན་གཉིས་པ་ཕྱི་ཚེས་ ༢༣ ཉིན་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་གིས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞིའི་ཐོག་ཟབ་ཁྲིད་དང་། ཚོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་འདུག

རྩ་བའི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ད་བར་བཞུགས་སྒར་རྡ་ས་དང་། ཨོ་རི་ས། ལ་དྭགས། སྒང་ཏོག ས་ལུ་སྒ་ར། ཌལ་ཧོར་ཕུན་ཚོགས་གླིང་གཞིས་ཆགས་བཅས་ས་གནས་ཁག་དྲུག་ལ་ས་འཐུས་ཟབ་སྦྱོང་གོ་སྒྲིག་ཞུས་ཟིན་པ་དང་། ད་རེས་སྡེ་ར་ལྡུན་བདེ་སྐྱིད་གླིང་དུ་ས་འཐུས་ཟབ་སྦྱོང་གོ་སྒྲིག་ཞུས་པ་དེ་བཞིན་ས་འཐུས་ཟབ་སྦྱོང་ཐེངས་བདུན་པ་ཆགས་ཀྱི་ཡོད་པ་དང་། ཟབ་སྦྱོང་དེར་མཐུན་འགྱུར་གནང་མཁན་འཇར་མན་རོགས་ཚོགས་ (FNF) ཡིན་འདུག་པ་བཅས། །