
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡ པོའི་ཚེས་ ༡༩ ནས་ ༢༨ བར་སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོ་སྐབས་ ༣༧ པ་དང་བསྟུན། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡ པོའི་ཚེས་ ༢༣ ཉིན་རྡོ་རྗེ་གདན་སྨོན་ལམ་ཆེན་མོའི་ཚོགས་ཞུགས་པ་དགེ་འདུན་གྲྭ་བཙུ་སྔགས་གསུམ་བཅས་ཀྱི་བཞུགས་གནས་སུ་ཆོས་སྒར་གྱི་པདྨ་སམ་བྷ་ཝ་གཙུག་ལག་ཁང་ཆེན་མོ་གསར་བཞེངས་ལེགས་གྲུབ་ཀྱིས་དབུ་འབྱེད་མཛད་སྒོ་ཚོགས་གནང་སོང་།

སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བྷི་ཧར་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཨཱ་རིཕ་ མོ་ཧམ་མད་ ཁན་ (Shri Arif Moharmmad Khan, Governor of Bihar) མཆོག་དང་། སྔ་འགྱུར་རྡོར་གདན་རྙིང་མའི་སྨོན་ལམ་ཆེན་མོའི་ཚོགས་གཙོ་༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གི་དབུས་རྙིང་མའི་བླ་ཆེན་རྣམ་པ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་འབྲུག་གཞུང་གི་ནང་སྲིད་བློན་པོ་མི་རྗེ་ཚེ་རིང་མཆོག འབྲས་ལྗོངས་མངའ་སྡེའི་དགོན་གནས་བློན་ཆེན་སྐུ་ཞབས་བསོད་ནམས་བླ་མ་མཆོག བལ་ཡུལ་གྱི་སྐུ་ཚབ་བལ་ཡུལ་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་གཟི་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ཁག་ཅིག ཆོས་རིག་དྲུང་ཆེ། རྡོར་གདན་ས་གནས་ཀྱི་རྫོང་དཔོན་དང་། རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་འཛིན་སྐྱོང་ཚོགས་ཆུང་གི་དྲུང་ཆེ་སོགས་དགོན་སྡེ་དང་ཚོགས་སྡེ་ཁག་གི་མི་སྣ་ཁག སྔ་འགྱུར་རྙིང་མའི་དགོན་སྡེ་ཁག་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་ཆོས་སྡེ་ཁག་གི་སྐུ་ཚབ་རྣམ་པ། དད་ལྡན་སེར་སྐྱ་སྟོང་ཕྲག་མང་པོ་ཕེབས་འདུག

དེ་ཡང་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་དང་། དམིགས་བསལ་སྐུ་མགྲོན་རྣམ་པ་གཙུག་ལག་ཁང་གི་སྒོ་ཆེན་མདུན་ལ་ཕེབས་གྲུབ་པ་དང་དུས་མཚུངས་སུ། དབུ་ཆེན་ནས་དབུ་སྐུལ་དང་འབྲེལ་ཚོགས་ཞུགས་པ་ཡོངས་སྐུ་བཞེངས་གནང་སྟེ་འཕགས་པ་བཀྲ་ཤིས་བརྒྱད་པ་གསུངས་གྲུབ་པ་དང་། གཙུག་ལག་ཁང་དབུ་འབྱེད་ཀྱི་དར་ཚོན་མདུད་པ་དཀྲོལ་ནས་སྒོ་ཆེན་ཞལ་ཕྱེ་དང་།

དེ་ནས་སྣང་གསལ་མར་མེ་སྒྲོན་འབུལ་ཞུས་རྗེས། སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོའི་ཚོགས་གཞོན་༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་གིས་ཕེབས་བསུའི་གསུང་བཤད་གནང་བ་དང་། དེ་མཚམས་ལྕམ་དཱི་པ་ཋ་ཀུར་ལགས་ཀྱིས་ལེགས་སྦྱར་སྐད་དུ་ཤེས་རབ་སྙིང་པོ་ཞལ་འདོན་དང་། དེ་རྗེས་གཞས་མ་ཀརྨ་ཚེ་བརྟན་ལགས་དང་སྐུ་ཞབས་རཱ་མན་མ་ཧཱ་ར་ཇན་ལགས་གཉིས་ནས་ཚིག་བདུན་གསོལ་འདེབས་དབྱངས་སུ་གྱེར་ཅིང་གླིང་བུའི་སྙན་དབྱངས་འབུལ།

དེ་རྗེས་སྔ་འགྱུར་རྡོར་གདན་རྙིང་མའི་སྨོན་ལམ་ཆེན་མོའི་ཚོགས་གཙོ་༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་བ་དང་། བལ་ཡུལ་གྱི་སྐུ་ཚབ་བལ་ཡུལ་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་གཟི་པ་ཚེ་རིང་མཆོག འབྲས་ལྗོངས་མངའ་སྡེའི་དགོན་གནས་ལས་ཁུངས་ཀྱི་བློན་ཆེན་སྐུ་ཞབས་བསོད་ནམས་བླ་མ་མཆོག དཔལ་ལྡན་འབྲུག་གཞུང་གི་ནང་སྲིད་བློན་པོ་མི་རྗེ་ཚེ་རིང་མཆོག་བཅས་ནས་གསུང་བཤད་གནང་བ་དང་།

སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་གསུངས་དོན། སྔ་འགྱུར་རྡོར་གདན་རྙིང་མའི་སྨོན་ལམ་ཆེན་མོའི་ཆོས་སྒར་གྱི་པདྨ་སམ་བྷ་ཝ་གཙུག་ལག་ཁང་ཆེན་མོའི་དབུ་འབྱེད་མཛད་སྒོའི་དུས་ཚོད་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་ཉིན་མོ་འདིར་སྨོན་ལམ་ཆེན་མོའི་ཚོགས་གཙོ་༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གིས་དབུས་པའི་༧སྐྱབས་རྗེ་རྣམ་པ་དང་། སྐྱབས་གནས་དགེ་འདུན་གྱི་སྡེ་རྣམ་པ། དེ་རིང་མཛད་སྒོའི་སྐུ་མགྲོན་གཙོ་བོ་བྷི་ཧར་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཨཱ་རིཕ་ མོ་ཧམ་མད་ ཁན་ (Shri Arif Moharmmad Khan, Governor of Bihar) མཆོག དཔལ་ལྡན་འབྲུག་གཞུང་གི་ནང་སྲིད་བློན་པོ་མི་རྗེ་ཚེ་རིང་མཆོག འབྲས་ལྗོངས་མངའ་སྡེའི་དགོན་གནས་བློན་ཆེན་སྐུ་ཞབས་བསོད་ནམས་བླ་མ་མཆོག བལ་ཡུལ་གྱི་སྐུ་ཚབ་བལ་ཡུལ་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་གཟི་པ་ཚེ་རིང་མཆོག ཕྱག་སྦྲེལ་སྤྱི་འཐུས་རྣམ་པ་དང་ཆོས་རིག་དྲུང་ཆེ། གཞན་སྐུ་མགྲོན་རྣམ་པ་དང་མང་ཚོགས་བཅས་ལ་འཚམས་འདྲི་ཞུ་རྒྱུ་དང་ཆབས་ཅིག འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་མཛད་སྒོ་འདི་དང་འབྲེལ་བའི་གསུང་འཕྲིན་སྩལ་བ་སྒྲོགས་སྦྱང་ཞུ་རྒྱུ་ཡིན། གནས་མཆོག་རྡོར་གདན་དུ་སྔ་འགྱུར་རྙིང་མ་སྤྱི་ནས་ཕྱི་ལོ་༡༩༨༩ ལོ་ནས་སྨོན་ལམ་ཆེན་མོ་ལོ་ལྟར་འཚོགས་བཞིན་པར། ཕྱོགས་མཐའ་ནས་ཕེབས་པའི་གྲྭ་བཙུན་སྔགས་གསུམ་ཚོགས་འཚོགས་ཡུལ་ཆེད་ད་ཆར་ཆོས་སྒར་པདྨ་སམྦྷ་ཝ་གཙུག་ལག་ཁང་གསར་བཞེངས་ཀྱིས་རྟེན་དང་བརྟེན་པར་བཅས་པ་ལེགས་གྲུབ་བྱུང་འདུག་པར་ཡི་རང་དང་། འབྲེལ་ཆགས་ལས་བྱེད་ཀུན་ལ་བསྔགས་བརྗོད་ཡོད། ཕྱིའི་རྟེན་དང་བརྟེན་པ་ལེགས་གྲུབ་དང་ཆབས་ཅིག་གཙོ་བོར་ནང་གི་འཆད་ཉན་དང་བསམ་སྒོམ་རྣམ་པར་དག་པས་༸རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་རང་བསྟན་དམ་པ་གོང་མ་དག་གིས་ཇི་ལྟར་འཛིན་སྐྱོང་སྤེལ་གསུམ་མཛད་པ་དེ་ལྟར་ཉམས་མེད་རྒྱུན་འཛིན་དང༌། བཙན་བྱོལ་དུ་སྔ་འགྱུར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རྡོ་རྗེ་འཆང་དང་། བདུད་འཇོམས་རིན་པོ་ཆེ། པད་ནོར་རིན་པོ་ཆེ་སོགས་ནས་ཐུགས་བསྐྱེད་ཁུར་བཞེས་རྒྱ་ཆེས་དགོན་སྡེ་བསྟི་གནས་ཁག་རིམ་འཛུགས་དང་རྒྱུན་འཛིན་གསོ་སྐྱོང་སོགས་འབད་པ་ལྷོད་མེད་མཛད་པ་ད་ཆར་མཇུག་འབྲས་མཐོང་ཆོས་སུ་གྱུར་པ་དེ་ཡིན། ཁྱེད་རྣམ་པས་ཀྱང་དམ་པ་ཁོང་རྣམས་ཀྱི་རྗེས་སུ་འབྲངས་ཏེ་སྒོ་གང་ས་ནས་འབད་པ་ཧུར་ཐག་གིས་སྔོན་བྱོན་གོང་མ་རྣམས་ཀྱི་ཐུགས་རེ་ཆུད་ཟོས་སུ་མི་འགྲོ་བར་འབད་པ་ཡར་ལྡན་དུ་བགྱིད་དགོས། ངོས་རང་ལོ་ནའི་བབ་ཀྱིས་གཙུག་ལག་ཁང་དབུ་འབྱེད་ལ་བཅར་མ་ཐུབ་རུང་འདི་ཕྱིར་དགེ་བའི་སྨོན་ལམ་དང་མཆོག་གསུམ་ལ་གསོལ་འདེབས་བྱེད། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ། ཏཱ་ལའི་བླ་མས། བོད་རབ་བྱུང་བཅུ་བདུན་པའི་ཤིང་སྦྲུལ་ཟླ་ ༡༠ ཚེས་ ༡༢ ཕྱི་ལོ་ ༢༠༢༥ ཟླ་༡༢ ཚེས་ ༢ ལ།། མཐའ་དོན་སློབ་དཔོན་དབྱིག་གཉེན་གྱིས་གསུངས་པ་བཞིན། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་གནང་ཞིང་། དར་རྒྱས་ཡུན་གནས་ཡོང་བ་དང་། འགྲོ་བ་རྣམས་ཆོས་འབྱོར་གྱི་བདེ་སྐྱིད་དཔལ་ལ་ལོངས་སྤྱོད་ཅིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་ཀྱི་བསྟན་འཛིན་སྐྱེས་བུ་རྣམས་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་ཞེས་གསུངས།

དེ་ནས་སྐུ་མགྲོན་གཙོ་བོ་བྷི་ཧར་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཨཱ་རིཕ་མོ་ཧམ་མད་ཁན་ (Shri Arif Moharmmad Khan, Governor of Bihar) མཆོག་ནས་གསུང་བཤད་བཅས་གནང་སོང་།

གཞན་ཡང་སྐབས་དེར་སྐུ་མགྲོན་གཙོ་བོ་བྷི་ཧར་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཨཱ་རིཕ་མོ་ཧམ་མད་ཁན་ (Shri Arif Moharmmad Khan, Governor of Bihar) མཆོག་བརྒྱུད་ནས་སྔ་འགྱུར་རྡོར་གདན་རྙིང་མའི་སྨོན་ལམ་ཆེན་མོར་བཀའ་དྲིན་ཆེ་བ་རྣམས་ལ་གཟེངས་བསྟོད་ཕྱག་རྟགས་ཕུལ་གནང་བ་དང་། དེ་བཞིན་སྔ་འགྱུར་རྡོར་གདན་རྙིང་མའི་སྨོན་ལམ་ཆེན་མོའི་ཚོགས་གཙོ་༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་གཙོས་པའི་སྐུ་མགྲོན་ཆེ་ཁག་རྣམ་པར་ཕྱག་རྟགས་དང་། གཙུག་ལག་ཁང་གི་ལས་འཆར་བོགས་ལེན་པ་དང་འབྲེལ་ཡོད་རྣམས་ལ་ལེགས་སྐྱེས་བཅས་གནང་སོང་།

མཐར། སྔ་འགྱུར་རྡོར་གདན་རྙིང་མའི་སྨོན་ལམ་ཆེན་མོའི་ཚོགས་གཞོན་༧སྐྱབས་རྗེ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་ནས་ཐུགས་རྗེ་ཆེ་ཞུ་གསུང་བཤད་དང་། དེ་ནས་དགེ་འདུན་འདུས་ཚོགས་ནས་བསྟན་རྒྱས་སྨོན་ལམ་གསུང་འདོན་དང་། སྔ་འགྱུར་རྡོར་གདན་རྙིང་མའི་སྨོན་ལམ་ཆེན་མོའི་ཆོས་སྒར་གྱི་པདྨ་སམ་བྷ་ཝ་གཙུག་ལག་ཁང་ཆེན་མོའི་དབུ་འབྱེད་མཛད་སྒོ་ལེགས་པར་གྲུབ་གནང་ཡོད་པ་བཅས།།

