སྐུ་ཞབས་ཧི་མཱན་ཊ་ བྷི་ས་ཝ་ སར་མ་མཆོག་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བདམས་ཐོན་བྱུང་བར་དཔལ་ལྡན་ཚོགས་གཞོན་མཆོག་གིས་འཚམས་འདྲི་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༡༠ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། བྷི་ཇེ་པི་ (BJP) སྲིད་དོན་ཚོགས་པར་རྒྱ་གར་བྱང་ཤར་ཨ་སམ་ (Assam) མངའ་སྡེའི་འོས་བསྡུའི་རྒྱལ་ཁའི་ཐོབ་པ་དང་། སྐུ་ཞབས་ཧི་མཱན་ཊ་ བྷི་ས་ཝ་ སར་མ་ (Shri Himanta Biswa Sarma) མཆོག་སྤྱི་ཁྱབ་བློན་ཆེན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་གནང་འདུག

འཚམས་འཕྲིན་ནང་འཁོད་དོན། བོད་དང་ཨ་སམ་དབར་ལོ་རྒྱུས་ཐོག་འབྲེལ་བ་ཆེན་པོ་ཡོད་ཅིང་། བོད་ནས་ཨ་སམ་བརྒྱུད་རྒྱ་གར་ནང་ཆུ་མོ་ཡར་ཀླུང་གཙང་པོ་རྒྱུགས་བཞིན་ཡོད་པ་མ་ཟད། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་བཙན་བྱོལ་བ་རྣམས་ཐོག་མར་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་སྐབས་ཨ་སམ་མངའ་གཞུང་ནི་ཕེབས་བསུའི་སྣེ་ལེན་ཞུ་མཁན་ཐོག་མའི་གྲས་ཤིག་ཡིན། དེ་བཞིན་ཨ་སམ་ས་གནས་ཏེ་ཛི་པུར་ལ་༧གོང་ས་མཆོག་གིས་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་ཐོག་མ་དེ་སྤེལ་གནང་ཡོད།

སྤྱིར་རྒྱ་གར་གཞུང་དང་། མི་མང་ནས་ད་བར་བོད་ཀྱི་འཐབ་རྩོད་དང་། བོད་མིར་མཐུན་འགྱུར་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ང་ཚོས་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་དང་། ལྷག་པར་དུ་ཕྱི་ལོ་ ༡༩༦༠ ནང་བོད་མི་རྣམས་གནས་སྐབས་ཨ་སམ་མངའ་སྡེའི་ནང་གཞིས་ཆགས་སྐབས་ཨ་སམ་མངའ་སྡེའི་གཞུང་ནས་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྐུ་ཉིད་ནས་མཁྱེན་གསལ་ལྟར། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་ནས་བཟུང་ད་བར་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་ཡོད་ཅིང་། ད་ལྟའི་བོད་ནང་གི་གནས་སྟངས་ནི་ཡ་ང་བ་ཞིག་དང་ཛ་དྲག་ཅན་ཞིག་ཡིན།

ད་ལྟའི་ཆར་རྒྱ་ནག་དམར་གཞུང་གིས་རྒྱ་གར་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་ལ་ས་མཚམས་ཀྱི་དཀའ་ངལ་བཟོས་དང་བཟོ་བཞིན་ཡོད་པ་དེས། རྒྱ་གཞུང་ལ་རྒྱ་སྐྱེད་རིང་ལུགས་ཀྱི་བསམ་བློ་ཡོད་པ་དང་། རྒྱ་གཞུང་ནས་འཆར་གཞི་གཏིང་ཟབ་བཏིང་བའི་ཐོག་འཛམ་གླིང་ཡོངས་ལ་དབང་སྒྱུར་ཐབས་བྱེད་བཞིན་ཡོད་པ་ར་སྤྲོད་གསལ་པོ་བྱེད་ཀྱི་ཡོད། རྒྱ་ནག་དམར་གཞུང་གིས་ཆེད་དུ་བཟོས་པའི་ཏོག་དབྱིབས་གཉན་རིམས་ཀྱིས་འཛམ་གླིང་ཡོངས་ལ་ལོ་གཉིས་ཙམ་རིང་མི་རྒྱུ་གཉིས་ཀྱི་དཀའ་ངལ་ཆེན་པོ་བཟོས་དང་བཟོ་བཞིན་ཡོད་པ་དང་། དེར་རྒྱ་ནག་གཞུང་ནས་འགན་ཁུར་དགོས་པ་ང་ཚོས་བཟོ་དགོས།

བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར། ང་ཚོས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བའི་ཐོག་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་བཞིན་ཡོད་པ་དང་། དེ་ནི་བོད་རྒྱ་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཡིན། དེ་བཞིན་ང་ཚོས་རྒྱ་ནག་གཞུང་གི་འགོ་འཁྲིད་དང་། ༧གོང་ས་མཆོག་གི་སྐུ་ཚབ་དབར་ཞི་བའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་བྱེད་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༠ ཟླ་ ༡ པོའི་ནང་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་གནང་བའི་རྗེས་འབྲེལ་མོལ་མཚམས་ཆད་ཡོད། ལྕམ་སྐུ་ཁྱེད་དང་། ཁྱེད་ཀྱི་མངའ་གཞུང་ནས་བོད་རྒྱ་ཞི་བའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་དང་། བོད་ཀྱི་འཐབ་རྩོད་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད།

ཕྱི་ལོ་ ༢༠༢༠ ཟླ་ ༡༢ པའི་ནང་ཨ་སམ་རྒྱལ་ས་གྷོ་ཝ་ཧ་ཊིར་འཕགས་བོད་འབྲེལ་མཐུད་ཚོགས་པའི་རྒྱལ་ཡོངས་འགན་འཛིན་ལྷན་ཚོགས་ཚོགས་གནང་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི། དེ་བཞིན་རྒྱལ་ས་ལྡི་ལིར་མངའ་སྡེའི་རྒྱ་གར་དབུས་གྲོས་ཚོགས་འཐུས་མི་བཅས་སོ་སོར་མཇལ་འཕྲད་ཀྱིས་བོད་དོན་སྐོར་བཀའ་བསྡུར་གནང་རྒྱུའི་གོ་སྐབས་བྱུང་ཡོད། འབྱུང་འགྱུར་སྐུ་ཉིད་དང་ལྷན་མཇལ་འཕྲད་གནང་ཐུབ་རྒྱུ་དང་། མངའ་སྡེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད།

ངས་སླར་ཡང་སྐུ་ཉིད་དང་། སྐུ་ཉིད་ཀྱི་སྲིད་དོན་ཚོགས་པར་འཚམས་འདྲི་ཞུ་རྒྱུ་དང་། སྐུ་ཉིད་ཀྱི་ལས་དོན་ཐམས་ཅད་ལམ་ལྷོངས་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །