སྐུ་ཞབས་ཌིན་ སི་མིཏ་མཆོག་ཨོ་སི་ཀྲོ་ལི་ཡའི་ཕྱོགས་འགལ་སྲིད་དོན་ཚོགས་པའི་ཕྱི་འབྲེལ་ལས་དོན་དང་ཚོང་ལས་ཀྱི་བློན་ཆེན་གཞོན་པར་བསྐོ་གཞག་བྱུང་བར་དཔལ་ལྡན་ཚོགས་གཙོ་མཆོག་གིས་འཚམས་འདྲི་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༦ པའི་ཚེས་ ༡༣ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཌིན་ སི་མིཏ་ (Senator Dean Smith) མཆོག་ཕྱོགས་འགལ་སྲིད་དོན་ཚོགས་པའི་ཕྱི་འབྲེལ་ལས་དོན་དང་ཚོང་ལས་ཀྱི་བློན་ཆེན་གཞོན་པར་ (Shadow Assistant Minister for Foreign Affairs and Trade) བསྐོ་གཞག་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་གནང་ཡོད།

དེ་ཡང་འཚམས་འཕྲིན་ནང་འཁོད་དོན། ངས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཉིད་ཨོ་སི་ཀྲོ་ལི་ཡའི་ཕྱོགས་འགལ་སྲིད་དོན་ཚོགས་པའི་ཕྱི་འབྲེལ་ལས་དོན་དང་ཚོང་ལས་ཀྱི་བློན་ཆེན་གཞོན་པར་ (Shadow Assistant Minister for Foreign Affairs and Trade) བསྐོ་གཞག་བྱུང་བར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།

སྐུ་ཉིད་ནས་ཡུན་རིང་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་སྟེ་བོད་ཀྱི་མཛའ་བརྩེའི་གྲོགས་པོ་ཞིག་ཏུ་གྱུར་བ་དང་། ལྷག་པར་དུ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པའི་ཐོག་སྐུ་ཉིད་ནས་བརྙན་ལམ་བརྒྱུད་གསུང་བཤད་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

བོད་ཀྱི་རྩ་དོན་ཐོག་གདུང་སེམས་མཉམ་སྐྱེད་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར། བོད་རྒྱའི་དཀའ་རྙོག་ཞི་བའི་ཐོག་ནས་སེལ་ཐབས་སླད་སྐུ་ཉིད་ནས་རྒྱབ་སྐྱོར་གནང་བ་བཅས་ནི་སེམས་ཤུགས་འཕེལ་གཞི་དང་ཡི་རངས་ཞུ་འོས་པ་ཤིག་ཆགས་ཡོད་པ་མ་ཟད། མུ་མཐུད་བོད་དོན་ཞུ་སྐུལ་གནང་བ་བརྒྱུད་ཨོ་སི་ཀྲོ་ལི་ཡའི་རྒྱལ་ཁབ་དང་། རྒྱལ་སྤྱིའི་ནང་བོད་དོན་གོ་རྟོགས་སྤེལ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་ཞེས་འཁོད་འདུག