སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་ཚོགས་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་དང་། དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དེ་བཞིན་བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱིས་གསལ་བསྒྲགས་དང་འབྲེལ། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་སོང་།

དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་དགུ་པ་དང་། བཅུ་དྲུག་གཞིར་བཟུང་། ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་གྲུབ་མཚམས། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་དགའ་བསུའི་འཚམས་འདྲི་ཞུས་གནང་སོང་།

དེ་ནས་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སྙན་སྒྲོན་གནང་བ་དང་།

དེར་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་གིས་རྒྱབ་སྐྱོར་གནང་རྗེས། སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་འགོ་བཙུགས་སོང་།

ཉིན་རྒྱབ་གྲོས་ཚོགས་ཚོགས་དུས་བཞི་པར། བཀའ་བློན་འོས་འདེམས་ཀྱི་ལས་རིམ་ཐོག དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཅའ་ཁྲིམས་ལྟར་བཀའ་བློན་འོས་མིའི་མཚན་དང་ལོ་རྒྱུས་སྙིང་བསྡུས་རེ་སྤྱི་འཐུས་ལྷན་ཚོགས་སུ་སྒྲོགས་སྦྱང་གནང་བ་དང་། ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་སྤྱི་མོས་ཐོག་འོས་འདེམས་གནང་བ་དང་། འོས་མི་གཞན་རྣམས་ལ་དགག་བྱ་བྱུང་སྟབས་ཁྲིམས་སྒྲིག་ལྟར་ངོ་ཡོད་སྤྱི་འཐུས་རྣམ་པས་གསང་བའི་འོས་བསྡུ་གནང་སྟེ། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་དང་། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། སྤྱི་ཟུར་ཨོ་རྒྱན་བསྟན་འཛིན་ལགས། དྲུང་ཆེ་ཟུར་པ་ཀུན་དགའ་བཀྲ་ཤིས་ལགས། སྤྱི་འཐུས་པདྨ་མཚོ་མཆོག་བཅས་ལ་སྤྱི་འཐུས་ངོ་ཡོད་བརྒྱ་ཆ་ལྔ་བཅུ་ཡན་གྱིས་རྒྱབ་སྐྱོར་ཐོབ་རྗེས། དཔལ་ལྡན་ཚོགས་གཙོ་མཆོག་གིས་བཀའ་བློན་དུ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་ཡོད་པ་བཅས།