སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་ལྔ་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༡༦ ནས་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་ལྔ་པ་ཚོགས་གནང་སོང་།

དེ་ཡང་སྔ་དྲོ་སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་མཆོག་གིས་ཡིག་ཆ་ཨང་། ༢༧ པ། བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུགས་པོ་གནང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་དོན་ཚན་དྲུག་ཅན་གྱི་གྲོས་ཆོད་གྲོས་འཆར་ནས་དོན་ཚན་ལྔ་པ་མ་གཏོགས་གཞན་སྔོན་གླེང་དང་བཅས་པ་སྤྱི་མོས་ཐོག་གཏན་འབེབས་གནང་སོང་།

སྤྱི་མོས་ཐོག་གཏན་འབེབས་བྱས་པའི་གྲོས་ཆོད་དོན་ཚན་རྣམས་ནི།

༡༽ འདས་པའི་ལོ་ངོ་བདུན་ཅུ་ལྷག་གི་རིང་གཞིས་བཞུགས་བོད་མི་རྣམས་སོ་སོའི་ལུང་པའི་ནང་གནས་ཡོད་རུང་རང་གི་དད་འདུན་དང་རྒྱལ་ཞེན་ལ་རྒྱ་ནག་དམར་གཞུང་གི་དྲག་རྩུབ་བཙན་གནོན་འོག་དཀའ་སྡུག་ཚད་ལས་བརྒལ་བ་མྱངས་དགོས་བྱུང་བར་འུ་ཐུག་ཐབས་ཟད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་མི་རྣམས་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་པ། བོད་རང་བཙན་དགོས་པ་སོགས་གདུང་འབོད་ཤུགས་དྲག་དང་བཅས་སོ་སོའི་གཅེས་པའི་ལུས་སྲོག་ཚུན་ཆད་བློས་གཏོང་གནང་བའི་དཔའ་མཛངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཡི་རངས་བསྔགས་བརྗོད་དང་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ།

༢༽ ཉེ་ལམ་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་ཨ་རི་ནེའུ་ཡོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་རྒྱ་གཞུང་ལ་ངོ་རྒོལ་ཆེད་སྐུ་ལུས་མེར་བསྲེགས་གནང་བའི་སྙིང་སྟོབས་དང་དཔའ་མཛངས་ལ་སྙིང་ནས་གུས་འདུད་དང་ཤུལ་ལུས་ནང་མི་ཉེ་འབྲེལ་སོགས་ལ་གདུང་སེམས་མཉམ་སྐྱེད་དང་འབྲེལ་ཐུགས་གསོ་ཞུ་རྒྱུ་དང༌། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུ་འཁྲིད་རྣམ་པས་རྒྱ་ནག་གི་འགོ་འཁྲིད་ཚོར་དྲང་བདེན་གྱི་གནས་ལུགས་གསེད་བཀྲོལ་གནང་སྟེ། བོད་མིའི་ཚེ་སྲོག་སྐྱོབ་ཐབས་དང་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་དགོས་འདུན་རྣམས་ལག་བསྟར་ཡོང་ཕྱིར་ནུས་ཐོན་གྱི་འགན་འཁུར་འཕྲལ་མར་བཞེས་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུ།

༣༽ སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཟབ་ཡངས་དཀྱེལ་ཆེའི་དགོངས་གཞི་འོག་བོད་རྒྱ་གཉིས་མོས་གྲོས་མོལ་གྱིས་བརྒྱུད་ནས་དཀའ་རྙོག་སེལ་དགོས་པ་ལས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་གསར་བཟོ་བྱས་ཏེ་མི་རིགས་རིག་གཞུང་དང་བཅས་པ་རྩ་གཏོར་གྱི་སྲིད་བྱུས་སྤེལ་བ་ནི་བོད་རྒྱ་གཉིས་ཞི་མཐུན་མཉམ་གནས་ཡོང་བའི་ཐབས་ལམ་ཞིག་རྩ་བ་ནས་མིན་པ་དྲན་སྐུལ་ནན་པོ་ཞུ་རྒྱུ་དང་ཁྲིམས་ཡིག་དེའི་རིགས་ལ་ནམ་ཡང་ངོས་ལེན་མེད་པས་ཕྱིར་འཐེན་བྱ་དགོས་པའི་བརྡ་ལེན་ཞུ་རྒྱུ།

༤༽ ༸ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེས་དབུས་བོད་ནང་ཉེས་མེད་འཛིན་བཟུང་བཙོན་འཇུག་སོགས་ཀྱིས་དཀའ་སྡུག་མྱོང་བཞིན་པ་རྣམས་འཕྲལ་དུ་གློད་བཀྲོལ་གྱིས་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་འགྲོ་བ་མི་སྤྱི་མཚུངས་ཀྱི་ཐོབ་ཐང་ངེས་པར་དགོས་པ། བོད་ཀྱི་གནད་དོན་སྤྱི་ཡོངས་ལ་བསམ་ཞིབ་ནན་ཏན་གྱིས་གཞིས་བཞུགས་བོད་མི་རྣམས་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བ་དང༌། སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ལ་དམ་དྲག རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བ་སོགས་མདོར་ན་བོད་ཐོག་འཛིན་པའི་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ཡོངས་རྫོགས་འཕྲལ་དུ་མཚམས་འཇོག་ངེས་པར་གནང་དགོས།

༥༽ རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་བཙན་བྱོལ་བ་རྣམས་ལ་གཞལ་དུ་མེད་པའི་བཀའ་དྲིན་བླ་མེད་དུ་བསྐྱངས་བར་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། དེ་བཞིན་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་ནང་གི་གཞུང་དང༌། གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སྒྲིག་འཛུགས། གནད་ཡོད་མི་སྣ། མི་སྒེར་བཅས་དང༌། ལྷག་པར་དུ་རྒྱལ་ཁབ་མང་པོ་ཞིག་གིས་བོད་དོན་དང་འབྲེལ་བའི་ཁྲིམས་དང་། གྲོས་ཆོད་རིམ་པ་གཏན་འབེབས་ཀྱིས་གཞིས་བྱེས་བོད་མི་རྣམས་ལ་མགོན་དཔུང་དང་འཐབ་གྲོགས་མཛད་མཁན་ཡོངས་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཞེས་འཁོད་འདུག