སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བཞི་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༡༦ ནས་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བཞི་པ་ཚོགས་གནང་སོང་།

དེ་ཡང་སྔ་དྲོ་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་བགྲོ་གླེང་གནང་འགོ་བཙུགས་ཤིང་། སྐབས་དེར་སྤྱི་འཐུས་རྣམ་པས། ནང་སྲིད་ལས་ཁུངས་ཀྱི་སྤྱི་ཡོངས་ལས་དོན་ཚགས་ཚུད་གནང་བར་དཔལ་ལྡན་བཀའ་བློན་མཆོག་གིས་གཙོས་པའི་དབུས་ས་གཉིས་ཀྱི་ལས་བྱེད་རྣམ་པར་བསྔགས་བརྗོད་དང་། གཞིས་སྤོས་ལས་གཞིའི་གལ་གནད་དང་མུ་མཐུད་ཐོ་འགོད་བསྡུ་ལེན་གནང་དགོས་སྐོར་དང་། ན་གཞོན་རོགས་སྐྱོར་ཚན་པའི་ལས་གཞིའི་ཕན་ཐོགས་དང་གལ་གནད། གཞིས་ཆགས་ཁང་ནང་ཞིང་ས་སྟོང་པར་མ་བཞག་པར་བེད་སྤྱོད་གཏོང་དགོས་ལུགས། རང་ཁ་རང་གསོ་ཡོང་ཐབས། བཞུགས་སྒར་རྡ་རམ་ས་ལ་ཁུལ་གྱི་སྡོད་ཁང་ ༢༡༨ གྱི་གནས་སྟངས། གཞིས་ཆགས་ནང་ཆུའི་དཀའ་ངལ་སེལ་ཐབས་སུ་ཆར་ཆུ་གསོག་འཇོག་གི་གལ་གནད། མཉམ་འབྲེལ་ཚགས་ཚུད་དགོས་སྐོར། གཞིས་ཆགས་ཁག་ནང་སྤྱི་ཁང་གསར་འཛུགས་གནང་ཕྱོགས་སོགས་དང་འབྲེལ་བའི་ཐོག་དགོངས་ཚུལ་དང་། དོགས་འདྲི་གནང་བ་ཁག་ལ་དཔལ་ལྡན་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས་ལན་འདེབས་གསལ་བཤད་གནང་བ་དང་།

མཐར་ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ཀྱིས་དགོངས་ཤོག་ཁག་དང་། བདུན་རྗེས་མའི་ལས་རིམ་སྙན་སྒྲོན་གནང་སོང་། གནངས་སྔ་དྲོ་མུ་མཐུད་ལས་ཁུངས་གོ་རིམ་བཞིན་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་ཞིབ་བཤེར་ལས་དོན་ཐོག་འགྲོ་རྒྱུ་ཡིན་པ་བཅས། །