སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུག་བསྒྲིལ་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༢༥ ཉིན་དགོང་དྲོ་ཆུ་ཚོད་ ༧།༤༠ ཙམ་གྱི་ཐོག་ལས་ཉིན་གྲངས་དགུའི་རིང་གི་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་རྒྱལ་ཁའི་ངང་མཇུག་བསྒྲིལ་གནང་ཡོད།

དེ་ཡང་སྔ་དྲོ་མུ་མཐུད་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཀྱི་བགྲོ་གླེང་ཐོག སྤྱི་འཐུས་རྣམ་པས། ཕྱི་དྲིལ་ལས་ཁུངས་དང་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་ཁག་གིས་ལས་དོན་ཡག་པོ་སྤེལ་བར་བསྔགས་བརྗོད་དང་འབྲེལ། ནི་ཐར་ལན་ཌི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་གསར་རྒྱག་ཐོག་མཐུན་འགྱུར་ཞུ་ཐུབ་དགོས་སྐོར་དང་། བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ནང་ཞི་བདེའི་སྐྱེས་མཆོག་ (The Man of Peace) དང་། བདེ་སྐྱིད་ཀྱི་ཤེས་རབ་ (Wisdom of Hapiness) ཅེས་པའི་གློག་བརྙན་གཟིགས་འབུལ་ཞུ་ཐུབ་ཐབས།

རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་སྐུ་ཆས་བོད་ཀྱི་འགྲེམས་སྟོན་ཁང་དུ་འཇོག་དགོས་གལ། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཕུལ་རྗེས། ནིའུ་ཡོག་གཙོས་པའི་རྒྱལ་སྤྱིའི་ནང་བོད་དོན་ལས་འགུལ་ཤུགས་ཆེ་སྤེལ་བའི་སྐོར། ཁེ་ན་ཌ་རྒྱལ་ཁབ་ནང་དོན་གཅོད་ལས་ཁུངས་འཛུགས་ཐུབ་དགོས་གནས། བོད་དོན་ཞུ་སྐུལ་གྱི་གལ་གནད། ཨ་རིའི་མི་ནི་སོ་ཊའི་གྲོང་སྡེའི་ལས་འཆར་གྱི་གནས་སྟངས། དྲྭ་ཐོག་ནས་བོད་དོན་ངོ་སྤྲོད་གནང་ཕྱོགས་སོགས་དང་འབྲེལ་བའི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བ་ཁག་ལ་དཔལ་ལྡན་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

དེ་རྗེས་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གིས་འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༥་་་༢༦ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་།

སྤྱི་འཐུས་རྒྱུན་ལས་ཀྱིས་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་མཆོག་གིས་སྙན་སྒྲོན་གནང་རྗེས།

སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་གིས་རྒྱབ་སྐྱོར་གནང་སྟེ། འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་པས། དཔལ་ལྡན་བཀའ་བློན་མཆོག་གིས་དབུས་པའི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་འགོ་ལས་ཡོངས་ནས་ལས་དོན་ཡག་པོ་སྤེལ་བར་བསྔགས་བརྗོད་དང་འབྲེལ། དགོན་སྡེ་ཁག་གི་དཔེ་ཁྲིད་དགེ་རྒན་དང་དགེ་འདུན་པ་རྣམས་ལ་ལོ་རེར་སྐུ་གཟུགས་བརྟག་དཔྱད་རེ་གནང་དགོས་པ་དང་། སྦེང་ལོར་སྨན་རྩིས་མཐོ་སློབ་ཁང་གི་ད་ལྟའི་གནས་སྟངས། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཐོག་ནས་རྒྱལ་སྤྱིའི་རྩེད་རིགས་འདྲ་མིན་ནང་མཉམ་ཞུགས་བྱ་རྒྱུའི་གལ་གནད། སྟོང་བཙན་རྐང་སྤོལ་རྩེད་ཐང་གི་ད་ལྟའི་གནས་སྟངས། བོད་པའི་ཕྲུ་གུའི་ནང་རང་གཡེང་ (Autism) གི་དཀའ་ངལ་ཡོད་པའི་ཐོག་ཞིབ་འཇུག་གནང་ཐབས། ཟས་བཅུད་ཀྱི་འཕྲོད་བསྟེན་ཐོག་གོ་རྟོགས་སྤེལ་དགོས་པ་སོགས་དང་འབྲེལ་བའི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བ་ཁག་ལ་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

རིམ་པས། དཔལ་ལྡན་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས་ནང་སྲིད་ལས་ཁུངས་ཀྱི་དམིགས་བསལ་སྔོན་རྩིས་ཀྱི་རྩིས་འགོ ལས་ཁུངས་དང་ལས་ཤག་ཉམས་གསོ་དང་། ལས་ཤག་གི་འཛིན་ཆས་གསར་ཉོ་བཅས་ཀྱི་ཐོག་བར་བརྒལ་བཀའ་འཁྲོལ་ཞུ་ཤོག་ཡིག་ཆ་ཨང་ ༤༢ དང་། ཟུར་འཛར་རྩིས་ཤོག་ཨང་ ༢༠༥ དང་། ༢༠༦། ༢༠༧ བཅས་སྙན་སྒྲོན་དང་། དེ་རྗེས་གོང་གསལ་སྙན་སྒྲོན་ཟིན་པའི་ཐོག་བགྲོ་གླེང་དགོས་པའི་གྲོས་ཆོད་གྲོས་འཆར་བཏོན་པར། དཔལ་ལྡན་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། སྤྱི་འཐུས་རྣམ་པས་བགྲོ་གླེང་དང་བཅས་མང་མོས་ཐོག་བཀའ་འཁྲོལ་གཏན་འབེབས་གནང་བ་དང་།དེ་བཞིན་ཡིག་ཆ་ཨང་ ༤༣ པ། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༢ པས་རྩིས་ལོ་ ༢༠༢༡་་་༢༢ གཙོས་རྩིས་སྙན་ཁག་ལ་ཞིབ་འཇུག་ཞུས་པའི་གྲུབ་དོན་སྙན་ཐོ་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ ༩ པའི་ཐོག་ཡིག་ཆ་ཨང་ ༡༤ པ་སྙན་སྒྲོན་ཟིན་པའི་ནང་གསལ་མུ་མཐུད་མཇུག་སྐྱོང་རྩིས་གཙང་དགོས་རིགས་འཛིན་སྐྱོང་བཀའ་ཤག་གིས་མཇུག་སྐྱོང་ཕྱག་བསྟར་གྱིས་ལན་འདེབས་གསལ་བཤད་བཅས་འཁོད་པའི་སྙན་ཐོ་ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༣༠ དང་ཟླ་ ༡༠ ཚེས་ ༡༥ ཉིན་སོ་སོར་ཕུལ་འབྱོར་བྱུང་བར་ཞིབ་འཇུག་གནང་ཆེད་དང་། གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༢་་་༢༣ ལོའི་རྩིས་ཞིབ་སྙན་ཐོར་ཞིབ་འཇུག་བྱེད་ཆེད་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༣ པ་བསྐོ་འཛུགས་གནང་རྒྱུ་དང་། གོང་གསལ་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༢ པས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༡་་་༢༢ གཙོས་རྩིས་སྙན་ཁག་ལ་འཛིན་སྐྱོང་བཀའ་ཤག་གིས་མཇུག་སྐྱོང་ལག་བསྟར་ཇི་ཞུས་དང་འབྲེལ་ཞིབ་འཇུག་གིས་མཐའ་མའི་གྲུབ་དོན་དང་། དེ་བཞིན་རྩིས་ལོ་ ༢༠༢༢་་་༢༣ ལོ་ཡིས་གཙོས་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ཞིབ་སྙན་ཐོར་ཞིབ་འཇུག་གནང་བའི་གྲུབ་དོན་སྙན་ཐོ་བཅས་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༤ པར་འབུལ་དགོས་པའི་ཐོག་སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་མཆོག་གིས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཏོན་པར། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། སྤྱི་མོས་ཐོག་གཏན་འབེབས་གནང་སོང་།


དེ་ནས་ཁྲིམས་བཟོའི་ལས་དོན་གྱི་ལས་རིམ་ཐོག ཡིག་ཆ་ཨང་། ༤༤ པ། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི། དོན་ཚན་བཅུ་གསུམ་པ། ལས་བྱེད་འདེམས་བསྐོ་བྱ་ལམ། ཞེས་པའི་ནང་གསེས་ ༡ པོ་དང་། ༢ པ། དོན་ཚན་བཅུ་བཞི་པ། འགན་འཛིན་སྡེ་ཚན་གྱི་ལས་བྱེད་གསར་འདེམས། ཞེས་པའི་ནང་གསེས་ ༢ པ། ༣ པ། ༤ པ་ཕྱིར་བསྡུ། དོན་ཚན་བཅོ་ལྔ་པ། ལས་བྱའི་སྡེ་ཚན་གྱི་ལས་བྱེད་གསར་འདེམས། ཞེས་པའི་ནང་གསེས་ ༡ པོ་དང་། ༣ པ། དོན་ཚན་བཅུ་དྲུག་པ། ལས་བྱེད་གནས་སྤར་དང་། བཀོད་སྒྲིག འཕོ་ལེན། ཞེས་པའི་ནང་གསེས་ ༡ པོ་དང་། ༢ པ། ༤ པ། དོན་ཚན་བཅུ་དགུ་པ། དམིགས་བསལ་བསྐོ་གཞག ཞེས་པའི་ནང་གསེས་ ༥ པ། དོན་ཚན་ཉི་ཤུ་པ། ལས་བྱེད་བར་ཉེས་ཆད། དོན་ཚན་ཉེར་གཅིག་པའི་ནང་གསེས་ ༡ པོ་བཅས་བརྗོད་པ་གསུམ་པའི་ཐོག་གཏན་འབེབས་གནང་རྗེས། ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ཀྱིས་དགོངས་ཤོག་ཁག་སྙན་སྒྲོན་ཞུས་གནང་སོང་།


མཐར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་གྲོས་ཚོགས་ཚོགས་དུས་གཉིས་པའི་མཇུག་བསྡོམས་གསུང་བཤད་གནང་རྗེས། སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་གྲོལ་བའི་གསལ་བསྒྲགས་གནང་སྟེ། ཚོགས་འདུ་མཇུག་བསྒྲིལ་གནང་ཡོད་པ་བཅས།