སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་མཇུག་བསྡོམས་གསུང་བཤད།

༄༅། །ད་རེས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ཉིན་མཐའ་མ་དེ་ཆགས་བསྡད་ཡོད་པ་རེད། དེ་ཡིན་དུས་ཚོགས་གཙོ་གཉིས་ཀྱི་ངོས་ནས་ཐོག་མར་ལས་རིམ་གང་བསྒྲིགས་པ་གཞིར་བཟུང་། ལས་རིམ་ལ་བར་ཆད་ཕྲན་བུ་ཞིག་བྱུང་བ་རེད་མ་གཏོགས།སྤྱི་ཡོངས་ཀྱི་ལས་དོན་ཆ་ཚང་ཡག་པོ་འགྲོ་ཐུབ་ཡོད་ཟེར་ནས་སྙན་སེང་ཞུ་རྒྱུ་ཡིན། ད་རེས་ཚོགས་གཙོའི་མཇུག་བསྡོམས་ཀྱི་གཏམ་བཤད་དེ་རིང་པོ་ཞུ་རྩིས་མེད། གང་བསྡུས་བསྡུས་སྙན་སྒྲོན་ཞུ་རྒྱུ་ཡིན། དང་པོ་འདི་སྙན་སེང་ཞུ་རྒྱུ་ཡིན།

གྲོས་ཚོགས་ཚོགས་དུས་བཞི་པའི་ལས་རིམ་ཐོག་བསམ་བློ་བཏང་བ་ཡིན་ན། གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་བཞི་འཇོག་ཐུབ་ཡོད་པ་རེད། དང་པོ་དེ། བོད་ནང་དུ་རྒྱ་མིའི་སྲིད་བྱུས་འཛིན་ཕྱོགས་ལ་ཞི་རྒོལ་ཐོག་ནས་རང་ལུས་མེར་བསྲེགས་གནང་ནས་འདས་གྲོངས་སུ་ཕྱིན་པ་བཀྲ་ཕུན་ལགས་དང་། དེ་ག་ནང་བཞིན་གྲོས་ཚོགས་ཀྱི་འཐུས་མི་གནང་མྱོང་བ་མ་ཟད་འཛིན་སྐྱོང་ནང་དུ་ཕྱག་ལས་གང་ལ་གང་འཚམ་གནང་མྱོང་འདུག དེ་ཡིན་དུས་སྤྱི་ཟུར་བྱར་གསང་གླིང་ཚེ་དབང་རྣམ་རྒྱལ་མཆོག་དང་། དེ་ག་ནང་བཞིན་བོད་དོན་ཐོག་བསླུ་བ་མེད་པའི་རྒྱབ་སྐྱོར་གནང་མཁན་ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་ (Shinzo Abe) མཆོག།དེའི་རྗེས་སུ་ཉེ་ཆར་ཨིན་ལེན་གྱི་རྒྱལ་མོ་ཨེ་ལི་ཛེ་བྷེ་ཐི་ (Queen Elizabeth II) འདས་གྲོངས་སུ་ཕྱིན་པ། དེ་འདྲའི་ཐོག་ང་ཚོས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་བཞི་འཇོག་ཐུབ་ཡོད་ཞུ་རྒྱུ་ཡིན། ཨིན་ལེན་ལྟ་བུ་མཚོན་ན། ང་ཚོའི་ལོ་རྒྱུས་དང་འབྲེལ་བ་ཡོད་པ་ཞིག་ཆགས་བསྡད་ཡོད་པ་རེད། ད་ལྟའི་ཆར་ཨིན་ལེན་ནང་དུ་ང་ཚོའི་སྐུ་ཚབ་དོན་གཅོད་དང་། ཨིན་ལེན་གྲོས་ཚོགས་ནང་དུ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡག་ཐག་ཆོད་ཡོད་པ་རེད། དེ་འདྲ་སོང་ཙང་ང་ཚོའི་ཆབ་སྲིད་དང་ལོ་རྒྱུས་ཐོག་འབྲེལ་བ་ཆགས་ཡོད་པར་བརྟེན། ང་ཚོས་ཨིན་ཡུལ་གྱི་རྒྱལ་མོ་ཨེ་ལི་ཛ་བྷེ་ཐེ་མཆོག་ལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་འཁུར་ཐུབ་པ་དེ་ཡག་པོ་བྱུང་སོང་བསམ་གྱི་ཡོད།

དེའི་རྗེས་སུ་ལས་རིམ་གལ་ཆེ་ཤོས་གཅིག་དེ། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དོན་ཚན་ ༧ ཅན་འཇོག་ཐུབ་ཡོད་པ་རེད། སྤྱི་ཡོངས་ནས་ཆབ་སྲིད་ཀྱི་གནས་སྟངས་རེད། ལྷག་པར་དུ་བོད་ནང་དུ་ད་ལྟའི་ཆར་རྒྱ་གཞུང་གིས་དམ་དྲག་གང་འདྲ་བྱེད་ཀྱི་ཡོད་མེད།འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡིན་ནའང་འདྲ་འདུག དེ་ག་ནང་བཞིན་ཆོས་དད་རང་དབང་དང་། སྐད་ཡིག་རང་དབང་། སྣ་ཚོགས་པའི་ཐོག་ནས་དམ་དྲག་ཤུགས་ཆེན་པོ་འགྲོ་བཞིན་པ་རེད། དེ་ཚོའི་ཐོག་ལ་གདུང་སེམས་མཉམ་བསྐྱེད་དང་འབྲེལ་བའི་ཐོག་ནས་ང་ཚོའི་བྱེད་ཕྱོགས་གང་འདྲ་དགོས་འདུགདེའི་ཐོག་ལ་དོན་ཚན་ ༧ འཇོག་ཐུབ་ཡོད་པ་རེད། གྲོས་ཆོད་གཅིག་གི་ནང་དུ་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱ་འབྲེལ་མོལ་དེ་ཡོང་ཐུབ་དགོས་པའི་ཐོག་ལ་ནན་པོ་བྱས་ནས་འབོད་བསྐུལ་ཞུས་ཡོད་པ་རེད། རྩ་བའི་རྒྱ་གཞུང་གི་ཐོག་ནས་བསམ་བློ་གུ་ཡངས་ཡོད་མེད་དང་། འདོད་པ་ཡོད་མེད་ལ་ཐུག་གི་ཡོད་པ་རེད། ཡིན་ནའང་། གཙོ་བོ་འཛིན་སྐྱོང་བཀའ་ཤག་གིས་འགན་འཁུར་བའི་ཐོག་ནས་བོད་རྒྱ་འབྲེལ་མོལ་ཡོང་ཐབས་ལ་མུ་མཐུད་འབད་བརྩོན་གནང་ཐུབ་དགོས་པ་དེ། གལ་ཆེ་ཤོས་དེ་ཆགས་བསྡད་ཡོད་རེད། འདི་སྙན་སེང་ཞུ་རྒྱུ་ཡིན།

དེའི་རྗེས་སུ་ང་ཚོས་ཁྲིམས་སྒྲིག་བསྐྱར་བཅོས་ཁག་ཅིག་བང་བསྒྲིགས་ཡོད་པ་རེད། འདི་ནས་གཏན་འབེབས་བྱུང་ཐུབ་པ་དེ། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་རེད། དེ་ཡིན་དུས་འཛིན་སྐྱོང་གིས་མ་འོངས་པར་གཞིས་ཆགས་ཁག་ཏུ་ས་ཁང་གི་ལས་དོན་བྱེད་ཕྱོགས་ལ་ཏན་ཏན་ཐུགས་ཕན་གསོས་ཡོད་རེད་བསམ་གྱི་ཡོད། མ་འོངས་པར་གཞིས་ཆགས་ཁག་ཏུ་ས་ཁང་བེད་སྤྱོད་བྱེད་ཕྱོགས་དེ་ཚོ་སྤྱི་ཡོངས་ནས་ཡག་པོ་ཡོང་ཐུབ་པ་ཡིན་ན། གཞིས་ཆགས་སྲ་བརྟན་ལའང་རང་བཞིན་གྱིས་ཕན་ཐོགས་ཐུབ་རྒྱུ། དེའི་ཤུགས་ཀྱིས་བོད་ཀྱི་རིག་གཞུང་དང་སྐད་ཡིག་ལའང་རང་བཞིན་གྱིས་ཏན་ཏན་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཟེར་བའི་གཞི་རྩ་ཞིག་ཡོང་གི་རེད་བསམ་གྱི་འདུག དེ་ཚོའི་ཐོག་ནས་གཙོ་བོ་ས་གནས་རེད། དབུས་རེད། ལས་ཀ་བྱེད་སྟངས་ལའང་ཏན་ཏན་རག་ལས་ཀྱི་རེད་བསམ་གྱི་འདུག དེ་ཡིན་དུས་དེ་ཚོའི་ཐོག་ལ་རྒྱ་ཆེའི་མང་ཚོགས་ཡིན་ནའང་རེད། འཛིན་སྐྱོང་གི་ངོས་ནས་ཡིན་ནའང་འདྲ། གང་འདྲ་འགྲོ་ཐུབ་ཀྱི་འདུག དེའི་ཐོག་ལ་ངེས་པར་དུ་འབད་བརྩོན་ཞུ་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་ཞུ་རྒྱུ་ཡིན།

དེའི་རྗེས་སུ་གོང་དུ་ཐག་གཅོད་ཟིན་མ་ཐག་པ་དེ་རེད། དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གནས་སྟངས་ཇི་ཆགས་རྟོག་ཞིབ་ཚོགས་ཆུང་གིས་སྙན་ཐོ་སླེབས་པ་རེད། སྙན་ཐོ་དེ་མཇུག་སྐྱོང་བྱ་རྒྱུའི་གྲོས་ཆོད་དེ་ད་ལྟ་བཞག་ཟིན་མ་ཐག་པ་རེད། གྲོས་ཆོད་ཀྱི་དགོངས་དོན་ཆེད་འཛུགས་ཚོགས་ཆུང་ཞིག་བཙུགས་ནས། དེ་རང་སྐྱོང་གི་ངོ་བོར་འགྱུར་ཐབས་ཀྱི་ཟིན་བྲིས་དེ་བཟོས། དེའི་རྗེས་སུ་མུ་མཐུད་འགྲོ་རྒྱུའི་གནས་སྟངས་ཆགས་བསྡད་ཡོད་པ་རེད། དེའང་འགྲོ་སྟངས་བཟོ་རྒྱུ་ཞིག་ཆགས་བསྡད་ཡོད་པ་རེད། འགྲོ་ཐུབ་ཀྱི་འདུག་གམ་མི་འདུག རིམ་པས་ཤེས་རྟོགས་ཡོང་གི་རེད་མ་གཏོགས། ཡིན་གཅིག་མིན་གཅིག་ཉེན་ཁ་ཞེ་དྲག་ཅིག་ཆགས་ཀྱི་ཡོད་མ་རེད་བསམ་གྱི་འདུག དེ་ཡིན་དུས་ཚང་མས་ལས་དོན་བྱེད་ཕྱོགས་ཐོག་ལ་དགོངས་པ་བཞེས་པ་ཡིན་ན། གལ་ཏེ་རྩ་བ་ཉིད་ནས་ལས་དོན་བྱ་མི་ཐུབ་པའི་གནས་སྟངས་ཆགས་སོང་ན། དེ་ནས་ག་རེ་གནང་རྒྱུ་ཡོད་ནའང་གནང་རྒྱུ་རེད་མ་གཏོགས། མུ་མཐུད་གནས་དགོས་རེད་ཟེར་ནས་མིང་སྐམ་པོ་ཞིག་འཛིན་བསྡད་ན་ཕན་ཐོགས་ཡོད་མ་རེད། དེ་འདྲའི་ཐོག་ནས་སྙན་སེང་ཞུ་རྒྱུ་ཡིན།

ང་ཚོས་དུས་ཚོད་མང་ཤོས་གཏོང་ས་དེ་ལྷན་ཁང་ཁག་བདུན་གྱི་ལས་བསྡོམས་ཆགས་བསྡད་ཡོད་པ་རེད། ཕྱི་ལོ་ ༢༠༢༡༌༌༌༢༢ ཀྱི་ལས་བསྡོམས་བསྡུས་པ་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ། དེ་ཚོའི་ཐོག་ལ་བཀུར་འོས་སྤྱི་འཐུས་རྣམ་པས་ཆ་ཤས་ཡག་ཐག་ཆོད་བཞེས་གནང་སོང་། བགྲོ་གླེང་དང་བསམ་ཚུལ་འབུལ་རྒྱུའི་ཐོག་ནས་འཛིན་སྐྱོང་བཀའ་ཤག་ལ་ཡིན་ནའང་ཏན་ཏན་ཐུགས་ཕན་གསོས་ཡོད་རེད་བསམ་གྱི་འདུག འཛིན་སྐྱོང་བཀའ་ཤག་གི་ཐོག་ནས། དཔལ་ལྡན་སྲིད་སྐྱོང་གིས་དབུས་པའི་བཀའ་བློན་རྣམ་པས་གསལ་བཤད་ལན་འདེབས་དེས་རྒྱ་ཆེའི་མང་ཚོགས་ལ་ཡིན་ནའང་ཕན་ཐོགས་རྒྱུ། མ་འོངས་པར་བཀུར་འོས་སྤྱི་འཐུས་རྣམ་པས་ཡང་བསྐྱར་གླེང་དགོས་ཀྱི་འདུག་གམ་མི་འདུག འཛིན་སྐྱོང་གི་ཐོག་ནས་ཀྱང་མུ་མཐུད་ལས་དོན་དེ་ཚོ་མཇུག་སྐྱོང་གང་འདྲ་བྱས་འདུག་དང་མི་འདུག དེ་ཚོའི་ཐོག་ལ་ཐུགས་ཕན་ཆེན་པོ་ཞིག་གསོས་ཡོད་རེད་བསམ་གྱི་འདུག

དེ་ནས་སྐར་རྟགས་ཅན་གྱི་དྲི་བ་ཞིག་ཕེབས་པ་རེད། དེའང་ལོ་རྒྱུས་ཀྱི་གནས་བབ་དང་འབྲེལ་ནས་ཕེབས་པ་རེད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་ཀྱི་ཐོག་ནས་གང་ཐུབ་ཁ་གསལ་པོ་བཟོས་ཡོད་པ་རེད། དེ་ནས་ཡང་སེ་དོགས་འདྲི་ཞུ་མི་དགོས་པའི་ཐོག་ནས་སྤྱི་ཚོགས་ནང་འདིས་ཏན་ཏན་ཁྱད་པར་ཆགས་ཡོད་རེད་བསམ་གྱི་འདུག

དེའི་རྗེས་སུ་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གཉིས་རེད། གཅིག་དེ་ཐུགས་རྗེ་ཆེ་ཞུའི་གྲོས་འཆར། ད་ལྟ་བཞག་ཟིན་མ་ཐག་པ་དེ་རེད། གཙོ་བོ་རྒྱ་གར་གཞུང་རེད། ལྷག་པར་དུ་དབུས་བོད་སློབ་འཛིན་ཚོགས་རེད། འདས་པའི་ལོ་ ༦༠ རིང་བོད་ཀྱི་ཆོས་དང་རིག་གཞུང། སྐད་ཡིག།འཐབ་རྩོད། ཆ་ཚང་ལ་སྲོག་ལྟ་བུ་བཀའ་དྲིན་ཆེ་ཤོས་ཤིག་ཆགས་བསྡད་ཡོད་པ་རེད། དེ་ཡིན་དུས་དེ་རིང་གི་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་དེ་སྤྱི་མོས་ཐོག་ནས་གཏན་འབེབས་ཞུ་ཐུབ་པ་དེ་དཔེ་ཡག་པོ་བྱུང་སོང། འདི་བརྒྱུད་ནས་རྒྱ་གར་གཞུང་མང་དང་། ལྷག་པར་དུ་དབུས་བོད་སློབ་འཛིན་ཚོགས། དབུས་བོད་སློབ་འཛིན་ཚོགས་ནང་དུ་ཕྱག་ལས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་ང་ཚོས་ལས་རིམ་དེ་ཚོ་རྩོམ་དགོས་པའི་གནད་དོན་གཙོ་བོ་དེ། བོད་ནང་གི་གནས་སྟངས་དང་། བོད་དོན་ཆབ་སྲིད་ཀྱི་དཀའ་ངལ་གྱི་གནས་སྟངས་ཐོག་ནས། ཆབ་སྲིད་ཀྱི་ངོ་བོ་ཡིན་ནའང་འདྲ་འདུག སྒྲིག་འཛུགས་ཡིན་ནའང་འདྲ་འདུག འཛིན་སྐྱོང་ཡིན་ནའང་འདྲ་འདུག ང་ཚོས་མུ་མཐུད་ནས་འགྲོ་ཐུབ་དགོས་པའི་གནས་སྟངས་གཙོ་བོ་དེ། བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་བདེ་ཐབས་ཐོག་ནས་ཆགས་བསྡད་ཡོད་པ་རེད། དེ་ཡིན་དུས་ད་ལྟ་བོད་ནང་དུ་བསམ་བློ་བཏང་བ་ཡིན་ན། སྤྱི་ཡོངས་ཀྱི་ཆབ་སྲིད་ཀྱི་དཀའ་ངལ་རེད། གོང་དུ་བཀུར་འོས་སྤྱི་འཐུས་རྣམ་པ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་ནང་དུ་གསུངས་པ་ནང་བཞིན། ཁ་སང་གྲོས་ཚོགས་དབུ་འཛུགས་ཀྱི་གཏམ་བཤད་ནང་དུ་ཞུས་པ་ཡིན། གང་ལྟར་བོད་ནང་དུ་ད་ལྟའི་ཆར་སྒོ་རྒྱ་བསྡམས་ནས་ཧ་ལས་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་པ། ནད་ཡམས་རྩ་མེད་ཀྱི་སྲིད་ཇུས་འོག་ནས་ཁ་ཤས་ལ་འགྲོ་སྡོད་ཀྱི་དཀའ་ངལ་ཡོད་པ། ཁ་ཤས་ལ་ཟ་རྒྱུ་འཐུང་རྒྱུ་མེད་པའི་དཀའ་ངལ་ཡོད་པ། དེ་འདྲའི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་པ་རེད་འདུག ང་ཚོར་ཆབ་སྲིད་ཀྱི་དཀའ་ངལ་མེད་པ་ཡིན་ན། བོད་མིའི་སྒྲིག་འཛུགས་དང་། སྒེར་པས་ཏན་ཏན་ཕན་ཐོགས་ཤིག་ཞུ་ཐུབ་ཀྱི་རེད།ཆབ་སྲིད་ཀྱི་དཀའ་ངལ་གྱི་གནས་སྟངས་ཐོག་ནས་ང་ཚོས་དངོས་སུ་ཕ་གིར་རོགས་པ་བྱ་རྒྱུ་དང་། མཐུན་འགྱུར་སྦྱར་རྒྱུའི་གོ་སྐབས་ང་ཚོར་ཡོད་མ་རེད།ཡིན་ནའང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་མོ་གཟིགས་ནས་བཀའ་སློབ་ཕེབས་པ་གཞིར་བཟུང། ང་ཚོས་ཆོས་ཕྱོགས་ནས་སྒྲོལ་མའི་གཟུངས་སྔགས་གསོག་རྒྱུས་མཚོན་པའི་དགེ་བ་སྒྲུབ་རྒྱུ། སྡིག་པ་སྤོང་རྒྱུ་དེ་འདྲའི་ཐོག་ནས་བོད་ནང་གི་བོད་མི་ཚོར་དཀའ་ངལ་དེ་ལས་སྐྱོབ་ཐུབ་པའི་སྨོན་ལམ་དང་ཐུགས་སྨོན་གནང་ཐུབ་ན། དེས་ཏན་ཏན་ཕན་གྱི་རེད་ཞུ་རྒྱུ་ཡིན། དེ་ཡིན་དུས་རྒྱ་ཆེའི་མང་ཚོགས་རེད། སྒྲིག་འཛུགས་རེད། འབྲེལ་ཡོད་ཚང་མས་དེ་ནང་བཞིན་དགོངས་པ་བཞེས་ཐུབ་དགོས་པ་དེ་གནད་འགག་རེད་འདུག་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་གཙོ་བོ་ཆབ་སྲིད་ཀྱི་འཐབ་རྩོད་ཐོག་ནས་ཡིན་ནའང་། རྒྱལ་སྤྱིའི་ནང་དུ་ཆབ་སྲིད་ཀྱི་འགྱུར་བ་ཤུགས་ཆེན་པོ་འགྲོ་ཡི་ཡོད་པ་རེད། ནད་ཡམས་ཀྱི་གནས་སྟངས་ཐོག་ནས་རྗེས་སུ་འགྱུར་བ་ག་ཚོད་འགྲོ་ཡི་ཡོད་པ་རེད། ད་ལྟའི་ཆར་དམག་འཁྲུག་གི་གནས་སྟངས་ཐོག་ནས་རྒྱལ་སྤྱིའི་ནང་དུ་ཆབ་སྲིད་ཀྱི་གནས་སྟངས་ལ་འགྱུར་བ་ཤུགས་ཆེན་པོ་འགྲོ་ཡི་ཡོད་པ་རེད། དེ་ཚོའི་ནང་ནས་བོད་དོན་ཚུད་ཐུབ་རྒྱུར་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་ཞེ་དྲག་ཆགས་བསྡད་ཡོད་པ་རེད། ང་ཚོས་རྒྱ་ཆེ་ས་ནས་བསམ་བློ་བཏང་སྟེ་བོད་ཀྱི་དཀའ་རྙོག་དེ་སེལ་ཐུབ་རྒྱུ། ལྷག་པར་དུ་བོད་ཟེར་བའི་མིང་དེ་ག་པར་ཡིན་ནའང་སླེབ་ཐུབ་པར་ང་ཚོས་འབད་བརྩོན་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་རེད། དེ་ནང་བཞིན་ང་ཚོའི་གཞུང་འབྲེལ་གྱི་སྒྲིག་འཛུགས་ཁག་ཡིན་ནའང་འདྲ་འདུག གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་ཡིན་ནའང་འདྲ་འདུག རྒྱ་ཆེའི་མང་ཚོགས་ཡིན་ནའང་འདྲ། དེ་ཚོའི་ཐོག་ལ་ཏན་ཏན་དགོངས་པ་བཞེས་ཐུབ་དགོས་པ་དེ་གལ་ཆེན་པོ་རེད། དེ་གཅིག་ཞུ་རྒྱུ་ཡིན།

ང་ཚོའི་གྲོས་ཚོགས་ཀྱི་ལས་ཉིན་དགུ་རེད། གྲོས་ཚོགས་སྐྱོང་བའི་སྐབས་སུ་བར་ཆད་ཕྲན་བུ་བྱུང་ཡོད་པ་རེད། མཚམས་རེ་དེ་འདྲ་ཡོང་མི་སྲིད་པ་མ་རེད།དེ་ཡིན་དུས་བཀུར་འོས་སྤྱི་འཐུས་རྣམ་པར་འབོད་སྐུལ་ཞུ་རྒྱུར། མ་འོངས་པར་དེ་ལྟ་བུའི་གནས་སྟངས་ཡང་སེ་མི་ཡོང་བར་འགན་བཞེས་དགོས་རྒྱུ་གལ་ཆེན་པོ་རེད་འདུག་ཞུ་རྒྱུ་ཡིན། དེ་འདྲའི་གནས་སྟངས་ཐོག་ནས་དགོང་མོ་ཕྱི་པོ་ཆགས་པ་དང་། ལས་རིམ་ཆ་ཚང་ཕྱིན་མ་ཐུབ་པའི་དཀའ་ངལ་མང་པོ་ཆགས་པ་རེད། ང་ཚོ་གང་རེད་ཅེ་ན། ཆུ་འགྲོ་ནའང་ཟམ་པ་གནས་དགོས་ཀྱི་ཡོད་པ་རེད། སྒྲིག་འཛུགས་གནས་དགོས་ཀྱི་ཡོད་པ་རེད། དེ་འདྲ་སོང་ཙང་དེ་ཚོའི་ཐོག་ནས་ང་ཚོས་དགོངས་པ་རྒྱ་ཆེ་ས་ནས་བཞེས་ནས། གཙོ་བོ་༸སྐྱབས་མགོན་རིན་པོ་ཆེའི་དགོངས་བཞེད་རེད། བོད་ནང་གི་བོད་མི་ཚོའི་རེ་བ་རེད།བཙན་བྱོལ་ནང་གི་བོད་པ་ཚོས་ང་ཚོར་རེ་བ་དང་ཡིད་ཆེས་ག་ཚོད་བྱས་པ་གཞིར་བཟུང་། ང་ཚོའི་ངོས་ནས་ཁོ་ཚོར་ལེགས་སྐྱེས་མ་སོང་ན་འབུལ་ཐུབ་པའི་བསམ་བློ་བཏང་ནས་ལས་རིམ་རྩོམ་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་ད་ལྟ་བཙན་བྱོལ་སྤྱི་ཚོགས་ཀྱི་ཆིག་སྒྲིལ་གྱི་གནས་སྟངས་དེ་ཉམས་དམའ་པོ་འདྲ་པོ་ཞིག དེ་འདྲའི་གནས་སྟངས་ཆགས་ཀྱི་འདུག དེ་ཡིན་དུས་རྒྱ་ཆེའི་མང་ཚོགས་ཡིན་ནའང་འདྲ་འདུག འགན་འཁུར་མཁན་གྱི་གནད་ཡོད་མི་སྣ་ཡིན་ནའང་འདྲ་འདུག གང་ལྟར་བོད་ཆོལ་ཁ་གསུམ་ཟེར་བ་དེ།སྐྱིད་ན་སྐྱིད་མཉམ་དང་། སྡུག་ན་མཉམ་སྡུག་བྱེད་ཐུབ་དགོས་པ་དེ། ལོ་རྒྱུས་ཀྱི་ཐོག་ནས་གྲུབ་བསྡད་ཀྱི་ཡོད་རེད་ལ། རིག་པའི་ཐོག་ནས་གྲུབ་བསྡད་ཡོད་རེད། དེ་ཡིན་དུས་༸སྐྱབས་མགོན་རིན་པོ་ཆེས་དུས་རྒྱུན་དུ་དེ་གསུང་བསྡད་ཡོད་དུས། ང་ཚོས་ག་ཚོད་ཉེ་པོ་ཆགས་ཐུབ་པར་འབད་བརྩོན་བྱ་རྒྱུ་རེད་མ་གཏོགས། ང་ཚོས་རྒྱང་ཐག་རིང་ཙམ་བྱ་རྒྱུར། དེ་འདྲའི་བསམ་བློ་བཏང་ནས་བར་ཆད་བརྩམས་བསྡད་པ་ཡིན་ན་ཧ་ཅང་ཉེས་པ་ཆེན་པོ་རེད། དེ་ཚོའི་ཐོག་ལ་ང་ཚོས་བསམ་བློ་ཡང་སེ་བཏང་ནས་ག་ཚོད་ཉེ་པོ་ཆགས་ཐུབ་པར་འབད་བརྩོན་དང་། ཐབས་ལམ་སྟོན་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཞུ་རྒྱུ་ཡིན། སོ་སོར་དགའ་དང་མ་དགའ་ཡི་གནད་དོན་བྱུང་བ་ཡིན་ན། མཚམས་རེར་སོ་སོས་བསམ་བློ་བཏང་ནས་གོ་བསྡུར་བྱ་རྒྱུའི་གནས་སྟངས་ཡོང་གི་རེད་པཱ། དེ་མ་ཡིན་པའི་སྤྱི་ཚོགས་རེད། སྒྲིག་འཛུགས་རེད། སྤྱི་ཡོངས་ཀྱི་ནུས་པ་མ་ཉམས་པ་དང་། སྤྱི་ཚོགས་ནང་དུ་ཡིན་ནའང་བཟང་སྤྱོད་དང་། དེ་ག་ནང་བཞིན་སྤྱི་ཚོགས་ཀྱི་རིན་ཐང་དེ་ཤུགས་ཆེ་རུ་འགྲོ་ཐུབ་རྒྱུར་དགོངས་པ་བཞེས་དགོས་ཀྱི་འདུག་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་བཀུར་འོས་རྣམ་པས་གྲོས་ཚོགས་ནང་དུ་བཀའ་མོལ་གསུང་དུས་ཚིག་རྒྱག་བེད་སྤྱོད་གཏོང་སྟངས་དེ་ཚོ་མཚམས་རེ་ཐལ་ཆ་དེ་འདྲ་ཡོང་གི་འདུག མ་འོངས་པར་དེའི་ཚོ་གྲས་མི་ཡོང་བར་འབད་བརྩོན་ཞུ་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག བཀའ་བློན་རྣམ་པ་ཡིན་ནའང་འདྲ་འདུག དེ་ག་ནང་བཞིན་གྲོས་ཚོགས་འཐུས་མི་ཡིན་ནའང་འདྲ་འདུག གང་ལྟར་མི་རེད་པཱ། མི་ཡིན་ཕྱིན་ཆད་བདེ་སྡུག་གི་ཚོར་བ་སུ་ལ་ཡིན་ནའང་ཡོད་རེད་པཱ། དེ་འདྲ་ཡིན་དུས་ང་ཚོ་མཉམ་དུ་འཛོམས་ཐུབ་པ་དེ་ལས་དང་སྨོན་ལམ། རྟེན་འབྲེལ་ཞིག་རེད་བསམ་གྱི་འདུག དེ་འདྲ་ཡིན་དུས་བོད་སྤྱི་པར་ཞབས་ཕྱི་ཞུ་ཐུབ་པ་དེ་བསོད་ནམས་ཆེན་པོ་རེད། བསྐལ་བ་བཟང་པོ་རེད། སྡིངས་ཆ་འདི་སྡིངས་ཆ་མཐོ་ཤོས་དེ་ཆགས་བསྡད་ཡོད་རེད། དེའི་ཐོག་ནས་བོད་སྤྱི་པ་དང་བོད་མིའི་སྒྲིག་འཛུགས་ལ་ལེགས་སྐྱེས་ཤིག་འབུལ་ཐུབ་པ་ཡིན་ན། སོ་སོའི་མི་ཚེ་དེ་དོན་དང་ལྡན་པ། སོ་སོའི་ལས་ཀ་འཁྱུར་བའི་སྐབས་སུ་ཡིན་ནའང་། ངས་དེ་འདྲ་ཞིག་བྱས་ཡིན་བསམ་བསམ་གྱིས་སོ་སོར་ཡིད་ཆེས་སླེབ་ཐུབ་པ་ཞིག་ཡོང་གི་རེད་བསམ་གྱི་འདུག འདིའི་ཐོག་ནས་འཐུས་ཤོར་ཕྱིན་སོང་བ་ཡིན་ན་སོ་སོའི་ཡིད་ཆེས་དང་རེ་བ་དེ་བརླག་འགྲོ་ཡི་ཡོད་པ་རེད། མང་ཚོགས་ཚོ་ཡིན་ནའང་རེ་བ་བརླག་འགྲོ་ཡི་རེད། སོ་སོ་ཡིན་ནའང་རྒྱབ་རྟེན་གང་ཡང་མེད་པའི་གནས་སྟངས་ཆགས་འགྲོ་ཡི་རེད། མ་འོངས་པར་དེ་ཚོའི་ཐོག་ལ་དགོངས་པ་བཞེས་རོགས་གནང་ཞུ་རྒྱུ་ཡིན། སྤྱི་ཡོངས་ཀྱི་ལས་རིམ་སྐྱོང་བའི་སྐབས་སུ་བཀུར་འོས་སྤྱི་འཐུས་རྣམ་པ་ཚང་མས་ཆ་ཤས་ཡག་པོ་བཞེས་གནང་སོང་། དེ་ནང་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་རེད། དཔལ་ལྡན་བཀའ་བློན་རྣམ་པས་ཧུར་ཐག་འབད་ཐག་གནང་སོང་། ཚང་མར་ཚོགས་གཙོ་གཉིས་ཀྱི་ཐོག་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་གྲོས་ཚོགས་འདི་གྲོལ་བའི་རྗེས་ལ་བཀུར་འོས་སྤྱི་འཐུས་རྣམ་པ་ས་གནས་ཁག་ལ་ས་བགོས་ཕྱོགས་བསྐྱོད་ལ་ཕེབས་ཀྱི་ཡོད་པ་རེད། ད་ལྟ་ང་ཚོས་འགོ་བཙུགས་ཟིན་པ་རེད། ས་བགོས་ཕྱོགས་བསྐྱོད་ལ་ཕེབས་པའི་སྐབས་སུ་རྒྱ་ཆེའི་མང་ཚོགས་ནས་ཡིན་ནའང་མཉམ་ཞུགས་གནང་རྒྱུ། སོ་སོའི་བདེ་བ་སྡུག་བསྔལ་ག་རེ་ཡོད་པ་ཡིན་ནའང་ཡར་གསུང་རྒྱུ། བཀུར་འོས་སྤྱི་འཐུས་རྣམ་པ་ནས་ཡིན་ནའང་ས་གནས་ཀྱི་གནས་སྟངས་ཞིབ་ཚགས་པོ་གཟིགས་ནས་སྙན་ཐོ་དེ་ཡར་བསླེབ་ཐུབ་པ་ཡིན་ན། སྤྱི་འཐུས་རྒྱུན་ལས་བརྒྱུད་ནས་འཛིན་སྐྱོང་བཀའ་ཤག་ལ་འབུལ་རྒྱུ་དང་། དེ་འདྲའི་ཐོག་ནས་མཇུག་སྐྱོང་ཡོང་གི་རེད་ཞུ་རྒྱུ་ཡིན། དེ་བཞིན་ཆབ་སྲིད་ཀྱི་ཐོག་ནས་ཡུ་རོབ་རེད། དེ་མ་ཡིན་པའི་རྒྱལ་ཁབ་ཁག་ཅིག་ལ་ང་ཚོས་ཞུ་གཏུགས་བྱ་རྒྱུའི་ལས་འཆར་སྒྲིག་བསྡད་ཡོད། དེ་རིམ་པས་གསལ་པོ་ཡོང་གི་རེད་ཅེས་སྙན་སེང་ཞུ་རྒྱུ་ཡིན།

དེ་རིང་ང་ཚོས་གྲོས་ཚོགས་འཚོགས་པའི་སྐབས་སུ་གྲོས་ཚོགས་ལ་མཐུན་འགྱུར་སྦྱོར་མཁན་གཙོ་བོ་ཕྱི་དྲིལ་སྒྲ་བརྙན་སྡེ་ཚན་ཐོག་ནས་གྲོས་ཚོགས་ཀྱི་ལས་རིམ་ཐད་གཏོང་གནང་རྒྱུ་དང་། དེ་བཞིན་གྲོས་ཚོགས་ནང་དུ་ཁ་པར་དེ་ཚོ་གསལ་པོ་ཆགས་མ་ཆགས་དེ་ཚོ་བཟོ་སྐྲུན་གནང་རྒྱུའི་ཐོག་ནས་ཐུགས་འཁུར་ཆེན་པོ་གནང་ཡོད་པ་རེད། དེ་ག་ནང་བཞིན་བདེ་སྲུང་ལས་ཁུངས་ཀྱི་ཐོག་ནས་ཕྱི་མི་ནང་ལ་འཛུལ་རྒྱུ་དང་། བདེ་འཇགས་ཀྱི་ཐོག་ནས་གཟིགས་རྟོག་གནང་རྒྱུ། སྔ་པོ་ཕེབས་པ་དང་ཕྱི་པོ་བཞུགས་པའི་གནས་སྟངས། ལས་བྱེད་རྣམ་པས་མཐུན་འགྱུར་ཤུགས་ཆེན་པོ་གནང་ཡོད་པ་རེད། དེ་ག་ནང་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་ཐོག་ནས་ནད་ཡམས་ཀྱི་གནས་སྟངས་བྱུང་བ་ནས་བཟུང་སྟེ། ལག་པར་དུག་སེལ་གནང་རྒྱུ་དང་། ཚ་བ་བརྟག་དཔྱད་གནང་རྒྱུ། ལས་བྱེད་གཉིས་སྔ་པོ་བསླེབས་ནས་དེ་འདྲའི་ཐོག་ནས་མཐུན་འགྱུར་ཤུགས་ཆེན་པོ་སྦྱར་རྒྱུ་དང་། ལྷག་པར་དུ་ཚོགས་དྲུང་ལས་ཁུངས་ཀྱི་ཚོགས་དྲུང་རེད། དྲུང་འཕར་རྣམ་པ་གཉིས་རེད། འབྲེལ་ཡོད་ལས་བྱེད་ཚང་མས་གྲོས་ཚོགས་ལས་ཉིན་དགུའི་རིང་ལ་དཔེ་ཕྱི་པོ་བཞུགས་ནས། ལྷག་བསམ་རྣམ་དག་གི་འབད་པ་ཆེན་པོ་གནང་སོང་། དེ་ཡིན་དུས་དེ་རིང་གོ་སྐབས་འདི་བརྒྱུད་ནས་གོང་གསལ་འབྲེལ་ཡོད་ཚང་མར་ཚོགས་གཙོ་གཉིས་ཀྱི་ཐོག་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་ནས་གྲོས་ཚོགས་འདི་གྲོལ་བའི་རྗེས་སུ། གྲོས་ཚོགས་ཚོགས་དུས་ལྔ་པ། ཟླ་བ་དྲུག་རྗེས་ལ་ང་ཚོ་སླར་ཡང་ལྷན་འཛོམས་ཡོང་གི་རེད། དུས་ཚོད་དེའི་རིང་ལ་དཔལ་ལྡན་སྲིད་སྐྱོང་གིས་དབུས་པའི་བཀའ་བློན་རྣམ་པ་རེད། བཀུར་འོས་སྤྱི་འཐུས་རྣམ་པ་སྐུ་གཟུགས་བདེ་ཐང་ཡོང་བ་དང་། དེའི་རིང་ལ་བོད་བསྟན་སྲིད་ཀྱི་ལས་དོན་ག་རེ་བརྩམས་པ་ཡིན་ནའང་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་རླབས་ཆེན་ཐུགས་ཀྱི་དགོངས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། །ཐུགས་རྗེ་ཆེ་གནང་།།