སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་བཅུ་གཅིག་པའི་གནས་ཚུལ།


༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༦ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༧ ཉིན་གྱི་སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་དང་། ཉིན་རྒྱབ་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་བཅུ་གཅིག་པ་ཚོགས་གནང་སོང་།

དེ་ཉིན་མུ་མཐུད་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་། གཏན་འབེབས་གནང་འགོ་བཙུགས་ཤིང་། ཤེས་རིག་ལས་ཁུངས་ཀྱི་དམིགས་བསལ་དང་། ཟུར་བཀོལ་སྔོན་རྩིས། སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཟུར་བཀོལ་སྔོན་རྩིས་བཅས་སྤྱི་མོས་ཐོག་གཏན་འབེབས་གནང་སོང་།

ཤེས་རིག་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་ཐོག་སྤྱི་འཐུས་རྣམ་པས། རྒྱ་གར་གཞུང་མང་གཉིས་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་ཐོག་མུ་མཐུད་མཐུན་འགྱུར་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་། དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་འགོ་ལས་ཡོངས་དང་ཁྱབ་ཁོངས་སློབ་གྲྭ་ཁག་གི་དགེ་ལས་རྣམ་པས་བཙན་བྱོལ་བོད་མིའི་ཤེས་ཡོན་ཐོག་ཕྱག་ལས་ཧུར་ཐག་གནང་བར་བསྔགས་བརྗོད་དང་། བྱིས་པའི་འགུལ་བརྙན་ལས་གཞིའི་ཕན་ཐོགས་དང་མུ་མཐུད་བོད་སྐད་ཐོག་འགུལ་བརྙན་རིགས་གང་མང་བཟོ་ཐུབ་དགོས་པ། གཟའ་མཇུག་བོད་སྐད་སློབ་གྲྭའི་གལ་གནད། སློབ་གྲྭ་ཟླ་བསྒྲིལ་གནང་ཕྱོགས། སློབ་གྲྭ་ཁག་གི་དགེ་རྒན་རྣམས་ཀྱི་གསོལ་ཕོགས་སྤར་དགོས་པ།

 

སློབ་གྲྭའི་ཤེས་ཡོན་གྱི་མཐུན་རྐྱེན་ནང་བཅོས་མའི་རིག་ནུས་ (AI) བེད་སྤྱོད་གཏོང་མིན། བྱིས་སྒྲུང་འདོན་སྤེལ་གནང་ཕྱོགས། སློབ་གྲྭའི་ནང་བོད་ཀྱི་སྐད་ཡིག་གི་གལ་གནད་དང་། ཉེ་རབས་བོད་ཀྱི་ལོ་རྒྱུས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་གནང་སྟེ་སློབ་ཕྲུག་རྣམས་ལ་མི་རིགས་ཀྱི་ལ་རྒྱ་དང་སྙིང་སྟོབས་སྤེལ་ཐུབ་ཐབས། བོད་པའི་སློབ་གྲྭ་ཁག་གི་ནང་ས་གནས་ཀྱི་ཡུལ་སྐད་སློབ་འཁྲིད་གནང་ཐབས། སློབ་གྲྭ་ནང་ཁུལ་ཤེས་ཡོན་བརྗེ་ལེན་གནང་རྒྱུའི་གལ་གནད་སོགས་དང་འབྲེལ་བའི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་བར། དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

དེ་རྗེས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གོ་སྟོན་དང་བྱམས་བརྩེའི་ལོར་སྲུང་བརྩི་ཞུས་པའི་ཆ་ཤས། <<སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མང་གཙོ་དང་། སྤྱི་འཐུས་ལྷན་ཚོགས་སུ་བཀའ་སློབ་ཁག་དེབ་གཟུགས་སུ་ཕྱོགས་བསྒྲིགས་>> དང་། <<བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ་>> དཔེ་དེབ་ཁ་སྐོང་ཞུ་རྒྱུའི་ཆེད་འཛུགས་ཚོགས་ཆུང་གི་ལས་བསྡོམས་སྙན་ཐོ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་སྙན་སྒྲོན་གནང་ཡོད་པ་བཅས།