
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༦ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་སྔ་དྲོ་ཟླ་ ༣ ཚེས་ ༢༥ ཉིན་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དགུ་པ་ཚོགས་གནང་སོང་།

དེ་ཉིན་མུ་མཐུད་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་། གཏན་འབེབས་གནང་འགོ་བཙུགས་ཤིང་། འཕྲོད་བསྟེན་ལས་ཁུངས་ཀྱི་དམིགས་བསལ་དང་། ཟུར་བཀོལ་སྔོན་རྩིས། སྦེལ་ཀོབ་འཚོ་བྱེད་སྨན་ཁང་དང་། ལྡི་ལི་ས་གནས་འཕྲོད་བསྟེན་སྨན་ཁང་། བསུ་ན་མདའ་ས་གནས་འཕྲོད་བསྟེན་སྨན་ཁང་། མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭ་བཅས་ཀྱི་ཟུར་བཀོལ་སྔོན་རྩིས། དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། ལྡི་ལི་སྣེ་ལེན་ཡན་ལག་གི་རྒྱུན་གྲོན། བལ་ཡུལ་སྣེ་ལེན་ཁང་གི་རྒྱུན་གྲོན། སོ་ན་ལི་སྣེ་ལེན་ཡན་ལག་གི་རྒྱུན་གྲོན་བཅས་སྤྱི་མོས་ཐོག་གཏན་འབེབས་དང་། ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་གནང་འགོ་བཙུགས་སོང་།

འཕྲོད་བསྟེན་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་ཐོག སྤྱི་འཐུས་རྣམ་པས། དབུས་དང་ས་གནས་འཕྲོད་བསྟེན་སྨན་ཁང་མཉམ་འབྲེལ་གྱིས་ལས་གཞི་གང་སྤེལ་མིན་སྐོར་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་གནས་བབ། ༧སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩི་དང་འབྲེལ་བོད་མི་འདུ་སྡོད་ཉེ་འཁོར་ཡུལ་མི་རྣམས་ལ་རིན་མེད་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱར་ཐབས་དང་། ད་བར་དེ་འབྲེལ་བོད་མིའི་སྒྲིག་འཛུགས་ཐོག་ནས་ལས་འཆར་གང་དང་གང་སྤེལ་མིན་སྐོར། འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ནང་གཅིན་སྙི་དང་ཁྲག་ཤེད་ན་ཚའི་ཐོག་སྔོན་འགོག་ལམ་སྟོན་ཇི་གནང་། ནང་ཆོས་ཀྱི་ཐོག་ནས་སེམས་ཁམས་འཕྲོད་བསྟེན་གྱི་སློབ་གསོ་སྤེལ་ཐབས། ཆབ་སྲིད་བཙོན་ཟུར་འབྲེལ་ཆགས་འབྲེལ་ཡོད་རྣམས་ལ་འཕྲོད་བསྟེན་གྱི་གཟིགས་རྟོག་གནང་བཞིན་པར་བསྔགས་བརྗོད་དང་འབྲེལ་མུ་མཐུད་གནང་དགོས་པ། བོད་མིའི་སྤྱི་ཚོགས་ནང་འབུར་དུ་ཐོན་མཁན་གྱི་སྨན་པ་རྣམས་དང་ལྷན་འབྲེལ་བ་རྒྱུན་འཁྱོངས་དགོས་པ། སྨན་བཅོས་བལྟ་སྐྱོང་ལས་གཞིའི་གལ་གནད། སྔོན་འགོག་འགོག་ཁབ་བརྒྱབ་རྒྱུ་གལ་ཆེན་པོ་ཡིན་པ། མྱོས་རྫས་ངན་གོམས་རིགས་ལ་མུ་མཐུད་བལྟ་རྟོག་དགོས་པ། ལ་དྭགས་བྱང་ཐང་ཁུལ་ལ་གནས་པའི་བོད་མི་འབྲོག་པ་རྣམས་ལ་སྨན་བཅོས་སྐོར་བསྐྱོད་ཀྱི་མཐུན་རྐྱེན་བསྐྲུན་ཐུབ་དགོས་པ་སོགས་དང་འབྲེལ་བའི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་བར། དཔལ་ལྡན་སྲིད་སྐྱོང་དང་། འཕྲོད་བསྟེན་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

ཉིན་རྒྱབ་ཁྲིམས་བཟོའི་ལས་དོན་ཐོག ཡིག་ཆ་ཨང་ ༡༤ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། ལེའུ་བཅུ་བདུན་པའི་དོན་ཚན་དོན་ལྔ་པའི་ནང་གསེས་དང་པོ་དང་། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ་བཅས་གསར་འཇུག་དང་། ནང་གསེས་གཉིས་པ་བཅས་ཀྱི་ཐོག་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཐོག་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་གིས་ཡིག་ཆ་ཨང་ ༡༨ བཟོ་བཅོས་ཁྲིམས་འཆར་ཞིག་བཏོན་པར། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་གིས་རྒྱབ་སྐྱོར་གནང་ཡོད་པ་དང་། བཟོ་བཅོས་ཁྲིམས་འཆར་དེའི་ཐོག་དགག་བྱ་བྱུང་སྟབས་མང་མོས་ཐོག་ནས་རྒྱབ་སྐྱོར་མ་ཐོབ་སྟེ་ཁྲིམས་འཆར་དེ་ཚུད་མེད་པ་དང་། ཡིག་ཆ་ཨང་ ༡༩ བཟོ་བཅོས་ཁྲིམས་འཆར་ལ་བཟོ་བཅོས་ཁྲིམས་འཆར་དེ་རང་བཞིན་གྱིས་ཟགས་སོང་། ཡིག་ཆ་ཨང་ ༡༤ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ཐོག་བརྗོད་པ་གཉིས་པའི་ཐོག་ནས་སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུགས་པ་གནང་རྗེས། སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་རྒྱབ་སྐྱོར་མ་ཐོབ་སྟབས་ཁྲིམས་འཆར་དེ་ཟགས་སོང་།

གཞན་ཡང་དེ་རིང་ཉིན་གུང་ཆུ་ཚོད་ ༡༢།༠༠ ཐོག་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་སྟོང་པའི་དུས་ཚོད་བླངས་ཡོད་པ་བཅས།
