སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་ལྔ་པའི་གནས་ཚུལ།


༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༦ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཚོགས་ཐུན་དང་པོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་དང་། སྔ་དྲོ་ཚོགས་ཐུན་གཉིས་པ་ནས་བཟུང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་ལྔ་པ་ཚོགས་གནང་སོང་།

དེ་ཡང་སྔ་དྲོ་མུ་མཐུད་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་གཏན་འབེབས་གནང་འགོ་བཙུགས་ཤིང་། དེ་ཉིན་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། ལྡི་ལི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས། ལྡི་ལི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས། ཨ་རི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། ཨ་རི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་བོད་མིའི་སྤྱི་ཚོགས་ཡར་རྒྱས་དགེ་རྩའི་ཟུར་བཀོལ་སྔོན་རྩིས། སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས། ཨིན་ལེན་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། ཨིན་ལེན་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་བོད་ཁང་ཐེབས་རྩའི་ཟུར་བཀོལ་སྔོན་རྩིས། ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། ཨོ་སི་ཊོ་ལི་ཡ་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་ཟུར་བཀོལ་སྔོན་རྩིས། ཉི་འོང་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། ཉི་འོང་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་བོད་ཁང་ཐེབས་རྩའི་ཟུར་བཀོལ། བལ་ཡུལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། རུ་སོག་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱུན་ལས་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས་བཅས་སྤྱི་མོས་གཏན་འབེབས་གནང་སོང་།

ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་། སྐུ་ཚབ་དོན་གཅོད་ཁག་གི་ལས་དོན་དང་འབྲེལ་བའི་ཐོག་སྤྱི་འཐུས་རྣམ་པས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཐོག་ནས་རྒྱལ་སྤྱི་དང་། རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་བགྲོས་ལ་ཉམས་ཞིབ་ཀྱིས་སྲིད་བྱུས་འཆར་འགོད་བྱ་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་དང་། བོད་ཀྱི་མངའ་ཁོངས་ས་ཁྲ་གསར་བཟོ་དང་བོད་ཀྱི་སྔ་མོའི་ས་མིང་དཀར་ཆག་ཕྱོགས་བསྒྲིགས་བྱ་རྒྱུའི་ལས་གཞིའི་གལ་གནད་དང་འབྲེལ་ཡོད་ལས་བྱེད་ལ་བསྔགས་བརྗོད། ཨེ་ཤེ་ཡ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་ཚོགས་འདུ་ (Asia Pacific Security Innovation Forum) ཡི་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བཅར་ཐུབ་ཐབས། དཔྱད་རྩོམ་སྤེལ་སྐབས་ཐ་སྙད་གཅིག་གྱུར་གྱི་བེད་སྤྱོད་གཏོང་གལ། མཁས་པའི་གཏམ་བཤད་ལས་རིམ་ཐོག་མཁས་དབང་གདན་ཞུ་གནང་ཕྱོགས། རྒྱ་གར་དབུ་ཁྲིད་རྣམ་པས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གནང་བའི་གསུང་བཤད་དང་བསྒྲགས་གཏམ་སོགས་ཕྱོགས་བསྒྲིགས་གནང་རྒྱུ་གལ་ཆེན་པོ་ཡིན་པ། བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལྷན་ཁང་ནང་ཁུལ་ཕན་ཚུན་འབྲེལ་བ་གནང་ནས་ཉམས་ཞིབ་གནང་རྒྱུ་གལ་ཆེན་པོ་ཡིན་པ། བློ་བཏོན་ལྟེ་གནས་ཁང་དང་ཟུང་སྦྲེལ་ཐོག་ནས་ཉམས་ཞིབ་ཀྱི་ལས་འཆར་སྤེལ་ཐུབ་ཐབས། ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་ས་ཁང་དང་འབྲེལ་བའི་དཀའ་རྙོག་སེལ་ཡོད་མེད། ཕྱི་བསྐྱོད་ལག་དེབ་སེར་པོ་གསར་བཟོ་དང་དུས་འགྱངས་ཞུ་རྒྱུའི་དུས་ཡུན་ཉུང་དུ་གཏོང་ཐབས། རྒྱ་གར་གསར་འགོད་པ་བཞུགས་སྒར་རྡ་རམ་ས་ལར་གཟིགས་སྐོར་འཁྲིད་རྒྱུའི་གལ་གནད། ལྡི་ལི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་ལས་ཀའི་ངོ་བོ་དང་འབྲེལ་ཏེ་ལས་བྱེད་མང་དུ་གཏོང་དགོས་པ། ཨ་རིའི་གཞུང་གི་རོགས་དངུལ་སླར་གསོ་ཐུབ་པར་ཨ་རིའི་གཞུང་དང་གྲོས་ཚོགས་འཐུས་མི་རྣམ་པ་དང་། དཔལ་ལྡན་བཀའ་ཤག་དང་། ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། བོད་རིགས་མཐུན་ཚོགས་སོགས་འབྲེལ་ཡོད་ཕྱག་ལས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ། ཁེ་ན་ཌའི་རྒྱལ་ཁབ་ནང་དོན་གཅོད་ཀྱི་ལས་ཁུངས་སམ་འབྲེལ་མཐུད་ལས་ཁང་ཞིག་གསར་འཛུགས་གནང་དགོས་གལ། ཕྱིའི་རྒྱལ་ཁབ་གཞུང་གི་ནང་གི་ལས་བྱེད་བོད་མི་ཡིན་པ་རྣམས་དང་ལྷན་འབྲེལ་བ་རྒྱུན་མཐུད་གནང་དགོས་སྐོར། ཉི་འོང་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ཁྱབ་ཁོངས་ལྷོ་ཀོ་རི་ཡ་སོགས་དང་འབྲེལ་བ་གནང་ཕྱོགས། རུ་སོག་སྐུ་ཚབ་དོན་གཅོད་ཀྱི་གནས་སྟངས། སྦེལ་འཇམ་བོད་རིགས་ཚོགས་པའི་ད་ལྟའི་དཀའ་ངལ་སེལ་ཐབས་སོགས་ཀྱི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་བ་ཁག་ལ་དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས།