
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༦ ནས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་མཐའ་མའམ་བཅུ་གཅིག་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཟླ་ ༣ ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་བཞི་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་མུ་མཐུད་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་། གཏན་འབེབས་གནང་འགོ་བཙུགས་པ་དང་། དེ་ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས་བཅས་གྲོས་ཚོགས་ནས་སྤྱི་མོས་ཐོག་གཏན་འབེབས་གནང་བ་དང་། ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་སྔོན་རྩིས་དང་ལས་དོན་ཐོག་བགྲོ་གླེང་གནང་འགོ་བཙུགས་སོང་།

ཕྱི་དྲིལ་ལས་ཁུངས་དང་ཁྱབ་ཁོངས་ཁག་གི་ལས་དོན་དང་འབྲེལ་བའི་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུགས་པོ་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་པས། ཕྱི་དྲིལ་ལས་ཁུངས་དང་ཁྱབ་ཁོངས་དོན་གཅོད་རྣམས་ཀྱི་ལས་དོན་གནང་ཕྱོགས་ལ་བསྔགས་བརྗོད་དང་། དེ་བཞིན་མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་བོད་མི་རུབ་སྡོད་ལས་གཞིའི་སྐོར་དང་། སྦེལ་འཇམ་བོད་རིགས་སྤྱི་མཐུན་ཚོགས་པའི་ད་ལྟའི་གནས་སྟངས། ལྡི་ལིར་བོད་ཀྱི་འགྲེམས་སྟོན་ཁང་གི་ཡན་ལག་གསར་འཛུགས་ཐུབ་ཐབས། བོད་ཀྱི་སྒྲ་བརྙན་ཚན་པའི་ལས་རིམ་ཐོག་ཤུགས་སྣོན་འཕར་མ་རྒྱག་དགོས་པ། ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བོད་ཀྱི་ལོ་གསར་གཞུང་འབྲེལ་སྲུང་བརྩི་ཞུས་པ་ལྟར་རྒྱལ་ས་ལྡི་ལི་སོགས་ཀྱི་ནང་ལའང་དེ་ལྟར་སྲུང་བརྩི་ཞུ་ཐབས། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་ཐུབ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོ་ཁག་གི་ཐོག་ཕྱིའི་གནད་ཡོད་སྐུ་མགྲོན་མང་པོ་ཞིག་གདན་ཞུས་གནང་ཐུབ་པ་བཅས་ལ་བསྔགས་བརྗོད། རྒྱ་རིགས་མཉམ་དུ་འབྲེལ་བ་གནང་ཕྱོགས། བསམ་མཛོད་བསྟི་གནས་ཁང་དང་རྒྱ་གར་མཐོ་སློབ་ཁག་དང་མཉམ་སྦྲེལ་ཐོག་ནས་བོད་དོན་དྲིལ་བསྒྲགས་གནང་རྒྱུ་གལ་ཆེན་པོ་ཡིན་པ། གཞོན་སྐྱེས་བོད་དོན་རྒྱབ་སྐྱོར་བ་དང་གྲོས་ཚོགས་འཐུས་མི་རྣམས་དང་འབྲེལ་བ་གོང་མཐོར་གཏོང་དགོས་པ། གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དཔལ་འབྱོར་དང་ནུས་ཤུགས་ཚོང་དོན་ལས་ཁུངས་ཀྱི་ཚོང་དོན་སྲིད་བྱུས་དང་གྲོས་མོལ་ཟུང་དྲུང་ལ་བསྐོ་བཞག་གནང་བར་འཚམས་འདྲི་ཞུས་པ། རྒྱ་གར་གྱི་སྲིད་དོན་ཚོགས་པ་ཁག་གི་དབུ་ཁྲིད་རྣམས་དང་། དེ་བཞིན་ས་གནས་ཡུལ་མི་མཉམ་དུ་འབྲེལ་བ་གོང་མཐོར་གཏོང་དགོས་པ། རྒྱ་ནག་དམར་གཞུང་གི་འཁྱོག་བཤད་རིགས་ལ་གདོང་ལེན་གནང་ཕྱོགས། བོད་མི་ཕྱི་རྒྱལ་ལ་སྡོད་མཁན་གྱི་ཕྱི་བསྐྱོད་ལག་དེབ་སེར་པོ་དུས་འགྱངས་ཞུ་རྒྱུའི་དཀའ་ངལ་སེལ་ཐབས་སོགས་ཀྱི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་བ་ཁག་ལ་དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས།
