སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་གསུམ་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༦ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་མཐའ་མའམ་བཅུ་གཅིག་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་གསུམ་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་མུ་མཐུད་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་། གཏན་འབེབས་གནང་འགོ་བཙུགས་ཤིང་། ཐོག་མར་བདེ་སྲུང་ལས་ཁུངས་ཀྱི་ལས་དོན་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུག་པོ་གནང་རྗེས་བདེ་སྲུང་ལས་ཁུངས་ཀྱི་རྒྱུན་གྲོན་སྔོན་རྩིས་གྲོས་ཚོགས་ནས་སྤྱི་མོས་ཐོག་གཏན་འབེབས་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་གིས་བདེ་སྲུང་ལས་ཁུངས་ཀྱི་ཟུར་བཀོལ་སྔོན་རྩིས་དང་། ཕྱི་དྲིལ་ལས་ཁུངས་ཀྱི་རྒྱུན་གྲོན་སྔོན་རྩིས་བཅས་སྙན་སྒྲོན་གནང་རྗེས། བདེ་སྲུང་ལས་ཁུངས་ཀྱི་ཟུར་བཀོལ་སྔོན་རྩིས་གྲོས་ཚོགས་ནས་སྤྱི་མོས་ཐོག་གཏན་འབེབས་གནང་བ་དང་། ཕྱི་དྲིལ་ལས་ཁུངས་ཀྱི་རྒྱུན་གྲོན་སྔོན་རྩིས་དང་ལས་དོན་ཐོག་བགྲོ་གླེང་གནང་འགོ་བཙུགས་ཡོད་པ་རེད།

བདེ་སྲུང་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་ཐོག་སྤྱི་འཐུས་རྣམ་པས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་ཐོག་རྒྱ་གར་དབུས་སའི་གཞུང་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་། བདེ་སྲུང་ལས་ཁུངས་ཀྱི་འབྲེལ་ལས་ཡོངས་ནས་འགན་ཁུར་ཧུར་བཞེས་གནང་བར་བསྔགས་བརྗོད་དང་འབྲེལ་མུ་མཐུད་ཞུ་སྒོ་གང་ཅིར་འཐུས་ཚང་གནང་དགོས་སྐོར་དང་། སྤྱི་ཚོགས་དྲྭ་རྒྱའི་ནང་ཡིག་འཁྱམ་རྫུན་བཟོ་རིགས་ལ་གདོང་ལེན་གནང་ཕྱོགས། ཨོ་སི་ཀྲོ་ལི་ཡར་ཆབ་སྲིད་བཙོན་ཟུར་འབྲེལ་ཡོད་འབྲེལ་ཆགས་ཀྱི་གཞིས་སྤོས་ལས་གཞིའི་ནང་ཞུགས་མཁན་ཚོར་ཞིབ་འཇུག་གིས་ལས་གཞིར་ཚུད་མིན་ཐག་གཅོད་གང་མགྱོགས་གནང་ཐུབ་དགོས་སྐོར། བོད་ནང་ཞི་བའི་སྒེར་ལངས་ལོ་རྒྱུས་ཕྱོགས་སྒྲིག་དང་། ཕྱི་རྒྱལ་ནས་བོད་མིའི་གཞིས་ཆགས་ཁག་ནང་ཕེབས་མཁན་རྣམས་ནས་ (PAP) བཀའ་ཁྲོལ་ཞུ་རྒྱུའི་དུས་ཚོད་ཀྱི་དཀའ་ངལ་སེལ་ཐུབ་པར་བསྔགས་བརྗོད། བཙན་བྱོལ་བོད་མི་བོད་ནང་སྐྱོད་ཕྱོགས་ཀྱི་ལམ་སྟོན་ཕེབས་པ་གཞིར་བཟུང་། བོད་ནང་གཉེན་འཕྲད་ཕེབས་མཁན་བོད་མི་ཇི་ཙམ་གྱིས་བདེ་སྲུང་ལས་ཁུངས་སུ་འབྲེལ་བ་གནང་ཡོད་མེད་སྐོར་སོགས་ཀྱི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བ་རྣམས་ལ་དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

དེ་ཉིན་ཨོ་སི་ཀྲོ་ལི་ཡ་བོད་དོན་ལྷན་ཚོགས་ཀྱི་ཟུང་འབྲེལ་ཚོགས་གཙོ་ལྕམ་སྐུ་ཇེ་ནེཊ་ རཡེ་སི་ (Janet Rice) ལགས་དང་། འཛིན་སྐྱོང་འགན་འཛིན་ཛོ་སྦེཌ་ཕོར་ཌ་ (Zoe Bedford) ལགས། ཨོ་སི་ཀྲོ་ལི་ཡའི་རྒྱལ་ས་མངའ་ཁུལ་གྱི་ས་གནས་གྲོས་ཚོགས་འཐུས་མི་ཟུར་པ་ཨེ་མ་ཌེ་ཝིཌ་སོན་ (Emma Davidson) ལགས། ཨོ་གླིང་རི་སྔོན་པོའི་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ཟུར་པ་ས་རཱ་རེཌ་ཤོ་ (Sarah Redshaw) ལགས། མེལ་བྷོན་ནས་ཡིན་པ་ཝིཀ་ཊོ་རཡེ་མངའ་སྡེ་གྲོས་ཚོགས་འཐུས་མིའི་འོས་མི་སྦི་རིཊ་ནི་ ཧེན་ཌར་སོན་ (Brittney Henderson) ལགས། གནས་མཁར་གསར་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་སིའོ་བྷན་ཨི་ཤར་ཝུཌ་ (Siobhan Isherwood) ལགས། གནས་མཁར་གསར་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ཟུར་པ་མ་ཧི་ཀལ་ཨོ་སི་སྦོན་ (Michael Osborne) ལགས་བཅས་ལས་གྲུབ་པའི་ཨོ་སི་ཀྲོ་ལི་ཡ་བོད་དོན་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གྲོས་ཚོགས་ཀྱི་ཟུར་ཉན་དུ་ཕེབས་པ་དང་། སྐབས་དེར་གྲོས་ཚོགས་ནས་དགའ་བསུ་ཞུས་གནང་ཡོད་པ་བཅས།