སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་གཉིས་པའི་གནས་ཚུལ།


༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༦ ནས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་མཐའ་མའམ་བཅུ་གཅིག་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཟླ་ ༣ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་གཉིས་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་མུ་མཐུད་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་བཅས་སྙན་སྒྲོན་ཟིན་པའི་ཐོག་སྤྱི་འཐུས་རྣམ་པས། ཨ་རིའི་རོགས་དངུལ་བཀག་བསྐྱིལ་དང་སླར་གསོ་བྱུང་བའི་གནས་སྟངས་སྐོར་དང་། རོགས་དངུལ་གསར་པ་ཐབས་འཚོལ་གནང་ཡོད་མེད། གཏན་འཇགས་མ་དངུལ་ཀྱི་གནས་སྟངས་སོགས་དང་འབྲེལ་བའི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བ་རྣམས་ལ་དཔལ་ལྡན་སྲིད་སྐྱོང་དང་། དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་དང་འབྲེལ་བའི་ཐོག་དོགས་འདྲི་ཕུལ་བ་རྣམས་ལ་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་དང་། ཚོགས་མི་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག ཚོགས་མི་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་བཅས་ཀྱིས་ལན་འདེབས་གསལ་བཤད་གནང་སོང་།

དེ་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་། གཏན་འབེབས་གནང་འགོ་བཙུགས་པ་དང་། དེ་ཡང་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་གིས་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ངེས་ཅན་འགྲོ་གྲོན་དང་། རྒྱུན་གྲོན། དམིགས་བསལ། ཟུར་བཀོལ་སྔོན་རྩིས་བཅས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངེས་ཅན་འགྲོ་གྲོན་དང་། རྒྱུན་གྲོན། དམིགས་བསལ། ཟུར་བཀོལ་སྔོན་རྩིས། དེ་བཞིན་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་རྒྱུན་གྲོན་དང་། དམིགས་བསལ་འགྲོ་གྲོན། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་རྒྱུན་གྲོན་དང་། དམིགས་བསལ་འགྲོ་གྲོན། ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་རྒྱུན་གྲོན། དམིགས་བསལ་འགྲོ་གྲོན། སྐོར་སྐྱོད་ཁྲིམས་ཞིབ་ཁང་གི་རྒྱུན་གྲོན། ས་གནས་འཐུས་མི་ཚོགས་འདུ་ཁག་ ༣༧ གྱི་རྒྱུན་གྲོན། བཀའ་དྲུང་ཡིག་ཚང་གི་རྒྱུན་གྲོན་དང་། ཟུར་བཀོལ་སྔོན་རྩིས་བཅས་སྙན་སྒྲོན་གནང་རྗེས། གྲོས་ཚོགས་ནས་སྤྱི་མོས་ཐོག་གཏན་འབེབས་དང་། དེ་བཞིན་དཔལ་ལྡན་དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས་སྤུར་ཝ་ལ་ས་གནས་འཐུས་མིའི་ཚོགས་འདུའི་རྩིས་ལོ་ ༢༠༢༦་་་༢༧ ལོའི་དམིགས་བསལ་སྔོན་རྩིས་ཐོག་ཧིན་སྒོར་ ༣༨,༣༨༤ སྤར་ཆའི་གྲོས་འཆར་བཏོན་པ་དང་། དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། གྲོས་ཚོགས་ནས་ས་གནས་འཐུས་མི་ཚོགས་འདུ་ཁག་ ༣༧ གྱི་དམིགས་བསལ་སྔོན་རྩིས་སྤྱི་མོས་ཐོག་གཏན་འབེབས་གནང་སོང་།

བཀའ་དྲུང་ཡིག་ཚང་གི་ལས་དོན་དང་འབྲེལ་བའི་ཐོག སྤྱི་འཐུས་རྣམ་པས། བཅོས་མའི་རིག་རྩལ་བཀོལ་སྤྱོད་དང་འབྲེལ་བའི་འགྲོ་གྲོན་གཏོང་ཕྱོགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་གློག་འཕྲུལ་ཡིག་ཚགས་སྐོར། བཅོས་མའི་རིག་རྩལ་གྱི་བདེ་འཇགས་དང་། བདེ་སྤྱོད་གཏོང་ཕྱོགས་ཀྱི་ལམ་སྟོན་དང་སྲིད་བྱུས་དགོས་ལུགས། ལས་བྱེད་གནས་སྤོས་ཀྱི་གནས་སྟངས་སོགས་དང་འབྲེལ་བའི་ཐོག་དོགས་འདྲི་དང་། དྲི་བ་ཕུལ་བ་རྣམས་ལ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

དེ་ནས་བདེ་སྲུང་ལས་ཁུངས་ཀྱི་རྒྱུན་གྲོན་སྔོན་རྩིས་ཐོག་བགྲོ་གླེང་གནང་འགོ་འཛུགས་ཤིང་། སྐབས་དེར་སྤྱི་འཐུས་རྣམ་པས། ཨོ་སི་ཀྲོ་ལི་ཡར་ཆབ་སྲིད་བཙོན་པ་འབྲེལ་ཡོད་འབྲེལ་ཆགས་གཞིས་སྤོས་ལས་གཞིའི་སྐོར་དང་། རྒྱ་གར་གྱི་སྐྱབས་བཅོལ་ལག་དེབ་མེད་པ་རྣམས་ཀྱི་དཀའ་སེལ་གནས་སྟངས། ཉེ་ལམ་སྤྱི་ཚོགས་དྲྭ་རྒྱའི་ཐོག་གཞུང་འབྲེལ་གསལ་བསྒྲགས་ཡི་གེ་རྫུན་བཟོ་བྱས་པའི་ཐོག་ལ་བདེ་སྲུང་ལས་ཁུངས་ནས་ཞིབ་འཇུག་གང་དང་གང་གནང་ཡོད་མེད་སྐོར་སོགས་དང་འབྲེལ་བའི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བ་རྣམས་ལ་དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས།