
༄༅། །འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ། འཇིག་རྟེན་ཞི་བདེའི་དེད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས། དེ་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་ཕེབས་པའི་དཔལ་ལྡན་སྲིད་སྐྱོང་མཆོག་དང་། དཔལ་ལྡན་བཀའ་བློན་རྣམ་པ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མཆོག་དང་། བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་ཚང་མ་ལ་ཚོགས་གཙོའི་ངོས་ནས་འཚམས་འདྲི་ཞུ་རྒྱུ་གཅིག་དང་། དེ་རིང་ང་ཚོའི་གྲོས་ཚོགས་འདི་དབུ་འཛུགས་ཞུ་ཡི་ཡོད་རེད། སྤྱིར་བཏང་ང་ཚོས་ལོ་གཅིག་ལ་གྲོས་ཚོགས་ཐེངས་གཉིས་ཚོགས་ཀྱི་ཡོད་རེད། ཕྱི་ཟླ་ ༣ པའི་གྲོས་ཚོགས་དེ་སྔོན་རྩིས་གྲོས་ཚོགས་དང་། དེ་ག་ནང་བཞིན་ཕྱི་ཟླ་ ༩ པའི་གྲོས་ཚོགས་དེ་ཡོངས་གྲགས་ཀྱིས་ལས་བསྡོམས་གྲོས་ཚོགས་ཞེས་ཚོགས་ཀྱི་ཡོད་རེད། དེ་རིང་ང་ཚོའི་སྔོན་རྩིས་གྲོས་ཚོགས་ཆགས་བསྡད་ཡོད་རེད། ང་ཚོའི་སྔོན་རྩིས་གྲོས་ཚོགས་འཚོགས་རྒྱུ་དེ་འཆར་ཅན་ལྟར་ཕྱི་ཟླ་ ༣ པ་འཁེལ་གྱི་ཡོད་རེད། ཕྱི་ཟླ་ ༣ པ་དེ་ང་ཚོོར་དམིགས་བསལ་གྱི་ཟླ་བ་ཞིག་ཆགས་བསྡད་ཡོད་རེད། བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་གསུམ་བཅུའི་དུས་དྲན་དུས་ཚོད་དེ་འཁེལ་བསྡད་ཡོད་རེད། དེ་ག་ནང་བཞིན་བོད་ནང་དུ་ཡིན་ནའང་རྒྱ་མིའི་གཞུང་གིས་དམིགས་བསལ་དམ་དྲག་ཤུགས་ཆེན་པོ་བྱས་སའི་ཟླ་བ་དེ་ཆགས་ཀྱི་ཡོད་རེད། ད་ལོ་ལོ་དེར་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པ་དེ་ཆགས་བསྡད་ཡོད་རེད། ང་རང་ཚོ་བཙན་བྱོལ་ལ་གྱར་ནས་ལོ་ངོ་ ༦༧ འགྲོ་ཡི་ཡོད་རེད། དུས་ཚོད་དེའི་ནང་ལ་ང་ཚོས་ཚོད་དཔག་ཞུས་པ་ཡིན་ན། མི་གཅིག་གི་མི་ཚེའི་ནང་ལ་བསྡོམས་འདྲ་ཞིག་བརྒྱབ་པ་ཡིན་ན་མི་ཚེ་བཟང་བ་ཟེར་ནའང་མི་འདུག མི་ཚེ་ནུས་པ་ཡོད་མཁན་དེ་རྫོགས་ཀྱི་ཡོད་རེད། དེ་ནས་རིམ་པས་མི་ཚེ་དེ་ནུས་པའི་ཐོག་ནས་འཁྱོག་མ་འཁྱོག་གི་གནས་སྟངས་འདྲ་པོ་ཆགས་ཀྱི་རེད། ཡིན་ནའང་ང་ཚོ་བཙན་བྱོལ་ལ་གྱར་ནས་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས་ཐོག་མར་རྒྱ་གར་ལ་བཙན་བྱོལ་དུ་གྱར། སྐབས་དེ་དུས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། དེ་བཞིན་རྒྱ་གར་གཞུང་གི་མཐུན་འགྱུར་དང་བཀའ་དྲིན་ལ་བརྟེན་ནས་ང་རང་ཚོ་བོད་མི་ཚང་མ་སྐབས་དེ་དུས་ཀྱི་གནས་བབ་ལ་བལྟས་པ་ཡིན་ན། ངོ་ཤེས་པ་གནམ་དང་སའི་གནས་སྟངས་ཆགས་བསྡད་ཡོད་རེད། ཡིན་ནའང་དུས་ཚོད་གཉན་འཕྲང་ཆེ་བའི་དུས་སྐབས་དེའི་རིང་ལ་རྒྱ་གར་གཞུང་གི་མཐུན་འགྱུར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས། ང་རང་ཚོའི་མི་རབས་རྒན་པ་དེ་ཚོའི་བློས་བཏང་དང་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ལ་བརྟེན་ནས་ང་ཚོ་བཙན་བྱོལ་ནང་དུ་བོད་མིའི་གཞིས་ཆགས་ཁག་རེད། དེ་བཞིན་ཆོས་ཕྱོགས་ནས་ཞུས་པ་ཡིན་ན་དགོན་སྡེ་ཁག དགོན་སྡེ་ཁག་ནང་དུ་བཤད་སྒྲུབ་ཚད་ལྡན་བྱུང་བ། དེ་ག་ནང་བཞིན་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་མ་ཉམས་པར་སླར་གསོ་ཡོང་བ། དེ་ནས་རྒྱལ་སྤྱིའི་ཁྱོན་དུའང་བོད་ཀྱི་སྐད་ཡིག་དང་ནང་ཆོས་ལ་དོ་སྣང་ཤུགས་ཆེན་པོ་སླེབས་ཐུབ་པའི་གནས་བབ་གཅིག་ཆགས་བསྡད་ཀྱི་རེད། དེར་ང་རང་ཚོས་དགའ་བ་སྒོམ་འོས་པའི་གནས་སྟངས་ཤིག་ཆགས་བསྡད་ཀྱི་འདུག
◦ དེ་ག་ནང་བཞིན་ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་ཀྱི་ཐོག་ལ་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ཀྱིས་མཚོན་པས་རྒྱལ་སྤྱིའི་ཁྱོན་དུ་ང་ཚོས་འབྲེལ་ལམ་འཛུགས་རྒྱུ་དང་། རྒྱབ་སྐྱོར་བཙལ་རྒྱུ། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་། ཁོང་གི་མཛད་འཕྲིན་འདིའི་སྟོབས་ཀྱིས་བྱུང་བ་ཡིན་དུས་རྒྱལ་སྤྱིའི་ཁྱོན་དུ་བོད་དང་བོད་མི་ཟེར་དུས་ཚང་མས་དོ་སྣང་གནང་ས་ཞིག་དང་། དེ་ག་ནང་བཞིན་ཆབ་སྲིད་ཀྱི་གནས་བབ་ཐོག་ནས་བལྟས་པ་ཡིན་ན། གྲོས་ཚོགས་ཀྱི་ཐོག་ནས་ཡིན་ནའང་འདྲ། དེ་ག་ནང་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་ཛིན་དང་སྲིད་བློན་མཚོན་པའི་ཕྱི་སྲིད་ལས་ཁུངས་རེད། འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཚན་ཁག་ཚང་མའི་ཐོག་ནས་བོད་ཀྱི་གནས་སྟངས་ཀྱིི་ཐོག་ལ་དོ་སྣང་ཆེན་པོ་བྱ་ཡུལ་ཞིིག་དང་། ལྷག་པར་དུ་ཨ་རིའི་གྲོས་ཚོགས་མཚོན་པས་གྲོས་ཚོགས་ཁག་ནང་ལ་ཁྲིམས་ཡིག་གཏན་འབེབས་ཞུ་རྒྱུ། དེ་ག་ནང་བཞིན་ཡུ་རོབ་གྲོས་ཚོགས་རེད། དེ་ཚོའི་ནང་ལ་གྲོས་ཆོད་འཇོག་རྒྱུ། དེ་ནས་ཨེ་ཤི་ཡའི་གྲོས་ཚོགས་ནང་རྒྱ་གར་མཚོན་པས་གྲོས་ཚོགས་མང་པོ་ཞིག་གི་ནང་ལ་བོད་ཀྱི་གནད་དོན་དེ་ཚོ་གླེང་སློང་ཡོང་ཐུབ་པ་དེའི་གནས་བབ་དེ་གང་འཚམ་གཞུང་འབྲེལ་གྱི་ངོས་འཛིན་ཡོད་མེད་ཀྱི་གནས་བབ་ལ་མ་ལྟོས་པའི་ཐོག་ནས་དོན་དུ་བོད་ཟེར་དུས་ཚང་མས་ཐུགས་སྣང་དང་རྒྱབ་སྐྱོར་བྱེད་སའི་གནས་བབ་་ཆགས་བསྡད་ཡོད་རེད། དེར་ངས་ཚོས་ལོ་ངོ་ ༦༧ རིང་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན། དེར་སྤོབས་པ་བྱས་འོས་པའི་གནས་སྟངས་ཆགས་ཀྱི་འདུག དེ་བཞིན་ང་རང་ཚོས་གདོང་ལེན་བྱེད་ས་དེ་རྒྱ་ནག་གཞུང་ཆགས་བསྡད་ཡོད་རེད། རྒྱ་ནག་གཞུང་གི་གནས་བབ་ལ་བལྟས་པ་ཡིན་ན་དཔལ་འབྱོར་གྱི་གནས་སྟངས་རེད། ཕྱི་སྲིད་ཀྱི་འབྲེལ་ལམ་གྱི་གནས་སྟངས་རེད། དེ་ཚོ་གང་འཚམ་ཚད་མཐོན་པོ་རེད་དེ། ཡིན་ནའང་རྒྱལ་སྤྱིའི་ཁྱོན་དུ་བོད་ཟེར་བ་དེ་བློས་བཏང་བའི་ཐོག་ནས་ད་ལྟ་ཡིན་ནའང་ཤུགས་ཆེན་པོའི་རྒྱབ་སྐྱོར་ཐོབ་སྡོད་པ་དེ་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་། དེ་ནས་ང་རང་ཚོའི་སྒྲིག་འཛུགས་ཀྱི་འགོ་ལས་ཚང་མས་འགན་ཁུར་བཞེས་ཕྱོགས། དེ་བཞིན་བོད་ནང་གི་བོད་མི་དེ་ཚོའི་བློས་བཏང་དང་ཆོད་སེམས་དེ་ཚོ་གལ་ཆེན་པོ་ཡིན་དུས། དེ་ཚོར་གཞི་རྩ་འཛིན་པའི་ཐོག་ནས་ང་ཚོའི་བོད་ཀྱི་གནས་སྟངས་དེར་ད་ལྟ་ཡིན་ནའང་ཚང་མས་ཐུགས་སྣང་གནང་ས་འདྲ་པོའི་གཞིར་ཆགས་བསྡད་འདུག དེ་ཡིན་དུས་དེར་ང་ཚོས་དགའ་བ་སྒོམ་དགོས་པ་ཞིག་དང་། མ་འོངས་པར་ཡིན་ནའང་རྒྱལ་སྤྱིའི་ཁྱོན་དུ་འགྱུར་བ་ཞེ་པོ་འགྲོ་ཡི་ཡོད་རེད། དོ་སྣང་བྱེད་སའི་དེང་སང་གི་གནས་སྟངས་དམག་འཁྲུག་ལ་མཚོན་པའི་དོ་སྣང་བྱེད་སའི་གནས་སྟངས་མང་པོ་ཞིག་ཆགས་ཀྱི་ཡོད་རེད་དེ། ཡིན་ནའང་བོད་ཀྱི་གནས་སྟངས་ཀྱི་ཐོག་ལ་ཚང་མས་མཉམ་དུ་འགན་ཁུར་ཞུ་རྒྱུ་དང་། བོད་ཀྱི་གནས་སྟངས་འདིའི་བརྒྱུད་ནས་རྒྱལ་སྤྱིའི་གནས་བབ་རེད། ལྷག་པར་དུ་རྒྱ་ནག་གི་ཆབ་སྲིད་ཀྱི་གནས་བབ་ལ་ཤུགས་རྐྱེན་འགྲོ་ཡི་ཡོད་པ་དེ་ངོས་འཛིན་གསལ་པོ་བྱེད་ཐུབ་པ་དེ་ཡག་པོ་ཞེ་པོ་ཞིག་ང་ཚོར་ཆགས་བསྡད་ཀྱི་འདུག མ་འོངས་པར་ཡིན་ན་ཡང་ང་རང་ཚོས་དེའི་ཐོག་ལ་འབད་བརྩོན་བྱེད་དགོས་པའི་གནས་སྟངས་གཅིག་དེ་ཆགས་སྡོད་ཀྱི་འདུག དེ་ག་ནང་བཞིན་ང་རང་ཚོའི་ཆབ་སྲིད་ཀྱི་ཐོག་ནས་བསམ་བློ་བཏང་བ་ཡིན་ན། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བདུན་ཅུ་དོན་གྲངས་ནས་རྒྱ་ནག་མཉམ་དུ་འབྲེལ་བ་བྱེད་རྒྱུ་འགོ་བཙུགས། འབྲེལ་བ་དེ་ཡང་ཕན་ཚུན་སྐུ་ཚབ་ཀྱི་རྣམ་པའི་ཐོག་ནས་འབྲེལ་བ་བཙུགས་རྒྱུ། ད་ལྟ་ཡིན་ན་ཡང་འབྲེལ་བ་ཆད་སྡོད་པ་རེད་དེ། འབྲེལ་བ་བསྐྱར་གསོ་ཡོང་ཐུབ་པར་འབད་བརྩོན་བྱེད་རྒྱུ་དེ་ཚོའི་ཐོག་ལ་ཡང་ང་ཚོས་འགན་ཁུར་ཞུས་སྡོད་ཀྱི་ཡོད་རེད། དེ་ག་ནང་བཞིན་བོད་ནང་གི་གནས་སྟངས་འདྲ་པོ་ཡིན་ན་ཡང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རེད། ཁོར་ཡུག་གི་གནས་སྟངས་རེད། ཆོས་དད་རང་དབང་གི་གནས་སྟངས་རེད། སྐད་ཡིག་རང་དབང་གི་གནས་སྟངས་རེད། མང་པོ་ཞིག་ལ་རྒྱ་ནག་གཞུང་གི་སྲིད་བྱུས་ཟིན་ཕྱོགས་ལ་བརྟེན་ནས་བོད་ནང་ལ་ཤུགས་རྐྱེན་དང་འགྱུར་བ་ཐེབས་སྡོད་ཡོད་དུས། དེ་ཚོའི་ཐོག་ལ་ང་ཚོས་ཐུགས་སྣང་གནང་ནས་རྒྱལ་སྤྱིའི་ཁྱོན་ལ་ཞུ་སྐུལ་བྱེད་རྒྱུ་དང་། གནས་ཚུལ་དེ་ཚོ་གསལ་པོ་བཟོ་བར་རྒྱལ་སྤྱིའི་ཁྲིམས་དང་གཞུང་འབྲེལ་མ་ཡིན་པའི་སྡེ་ཚན་ཁག་ཡིན་ནའང་འདྲ། གཞུང་གི་སྡེ་ཚན་ཁག་ཡིན་ནའང་འདྲ། སྙན་ཐོ་ཁག་དེ་ཚོའི་ནང་ལ་བོད་ཀྱི་གནད་དོན་སྐོར་བསླེབ་ཐུབ་པར་འབད་བརྩོན་ཞུ་རྒྱུ་དེ་ཚོའི་གྲས་དེ་ད་ལྟའི་བར་དུ་གྲུབ་འབྲས་འདྲ་པོ་ཡག་པོ་ཐོན་བསྡད་པའི་གནས་སྟངས་ཤིག་ཆགས་བསྡད་ཀྱི་འདུག དེ་ག་ནང་བཞིན་དེ་ཚོ་ཕྱོགས་ཡོངས་ཀྱི་ང་རང་ཚོ་བཙན་བྱོལ་ནང་ལོ་ངོ་ ༦༧ རིང་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག ཆབ་སྲིད། འཐབ་རྩོད་གང་གི་ཐོག་ལ་ཡིན་ནའང་ང་རང་ཚོས་དམིགས་བསལ་གྱིས་ནུས་པ་ཐོན་པ་དེ་འདྲའི་གནས་བབ་ཅིག་ཆགས་བསྡད་པ་དེ་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་ལ་བསྟེན་ནས་ཆགས་བསྡད་ཀྱི་ཡོད་རེད། ད་ལྟའི་ཆ་ལ་ཡིན་ནའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་སྨིན་པོ་ཆགས་བསྡད་ཡོད་རེད། ང་རང་ཚོའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཡིན་ནའང་གོ་སྟོན་གྱི་ལོ་སྲུང་བརྩི་ཞུ་རྒྱུ། དེ་དང་མཉམ་དུ་ང་ཚོས་སྙིང་རྗེའི་ལོ་ཞེས་དེ་འདྲ་བསྲུ་བརྩི་ཞུས་པའི་དུས་ཚོད་འགྲོ་བཞིན་པ་ཆགས་སྡོད་ཀྱི་ཡོད་རེད། འདིའི་ཐོག་ནས་ང་རང་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་རེད། ང་རང་ཚོའི་དམིགས་ཡུལ་བོད་མིའི་བདེན་དོན་འཐབ་རྩོད་རེད། དེ་ག་ནང་བཞིན་ཆོས་དང་། སྐད་ཡིག རིག་གཞུང་སྲུང་སྐྱོབ་རེད། དེ་ཚོའི་ཐོག་ལ་ང་རང་ཚོ་ཚང་མའི་ཐོག་ནས་ནུས་པ་ཐོན་པ་ཞིག་དང་འཕྱར་གྲུ་མཉམ་འདེགས་ཞུ་ཐུབ་དགོས་པ་དེ་གནས་སྟངས་གལ་ཆེན་པོ་ཞིག་དེ་ཆགས་སྡོད་ཀྱི་འདུག་ཅེས་དེ་གཅིག་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་ཉེ་ཆར་ང་རང་ཚོའི་ཆབ་སྲིད་ཀྱི་གསུང་བཤད་སྤྱི་འཐུས་ལྷན་ཚོགས་ཀྱི་གསུམ་བཅུའི་དུས་དྲན་གྱི་གསུང་བཤད་རེད། འཛིན་སྐྱོང་བཀའ་ཤག་གི་གསུམ་བཅུའི་དུས་དྲན་གྱི་གསུང་བཤད་རེད། དེ་ཚོའི་ནང་ལ་ང་ཚོས་གསལ་པོ་བྱས་ནས་ཞུས་ཡོད་རེད། ཡིན་ནའང་ཉེ་ཆར་རྒྱ་ནག་གི་ནང་ལའང་ཚོགས་འདུ་གཉིས་ཟེར་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུ་དང་། རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་ཟེར་ནས་ཚོགས་འདུ་གཉིས་ཚོགས་ཚར་ཙམ་རེད། ཚོགས་འདུ་གཉིས་ཀ་ལ་ཏོག་ཙམ་འབྲེལ་བ་ཡོད་པའི་བཟོ་འདྲ་ཞིག་ཆགས་བསྡད་ཡོད་རེད། དེ་ག་ནང་བཞིན་དཔེར་ན། སྲིད་གྲོས་གྱི་ཚོགས་འདུ་འདྲ་པོར་མཚོན་པ་ཡིན་ན། སྐབས་དེ་དུས་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་མཆོག་གིས་ཆོས་ཕྱོགས་ཀྱི་ཐོག་ནས་གསུང་བཤད་གནང་པ། དེའི་ནང་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུ་ཞེས་པ་དེའི་ཐོག་ལ་དམིགས་བསལ་གསུང་བཤད་ཟུར་འདོན་བྱས་པ་དེ་འདྲ་བྱུང་བཞག དེ་ཡིན་དུས་དེ་ཚོའི་ཐོག་ལ་ཕྱོགས་ཡོངས་ནས་དོ་སྣང་བྱེད་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་བསྡད་ཀྱི་འདུག དེ་ག་ནང་བཞིན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཉིན་མཐའ་མ་དེ་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་དེ་གཏན་འབེབས་བྱས་འདུག འདས་པའི་ལོའི་ནང་ལ་འཆར་ཟིན་བཟོས། དེ་རིང་ལོ་འདིའི་འཐུས་མིའི་ཚོགས་ཆེན་གྱི་ཉིན་མ་མཐའ་མ་དེ་ལ་གཏན་འབེབས་བྱས་འདུག དེའི་ནང་ལ་རྒྱ་ནག་གིས་བཙན་བཟུང་བྱས་པའི་མི་རིགས་མང་པོ་ཞིག་དང་འབྲེལ་བ་ཆགས་བསྡད་ཡོད་རེད། དེ་ནང་བཞིན་ང་རང་ཚོ་བོད་དང་ཡང་འབྲེལ་བ་ཆགས་བསྡད་ཀྱི་འདུག ཁྲིམས་དེའི་ནང་དོན་ཚན་ ༦༥ ཡི་མང་པོ་ཞིག་ང་ཚོ་དང་འབྲེལ་བ་ཡོད་པ་གང་ཞིག་ལ་དེའི་ནང་གི་དོན་ཚན་བཅོ་ལྔ་པ། དོན་ཚན་བཅོ་ལྔ་པ་དེའི་ཐོག་ནས་སྐད་ཡིག་གི་ཐོག་ལ་ཤུགས་རྐྱེན་ཆེ་ཤོས་ཤིག རྒྱ་ནག་སྤྱི་སྐད་ལབ་ཀྱི་འདུག རྒྱ་ནག་ཧན་མི་རིགས་ཀྱི་རྒྱ་སྐད་དེ་གཙོ་བོ་འཛིན་དགོས་པ། དེ་ག་ནང་བཞིན་སྐད་ཡིག་མཉམ་འབྲེལ་བྱེད་ནས་སྒོ་བྱང་དེ་ཚོར་སྦྱར་དགོས་པ་ཡིན་ནའང་རྒྱ་ནག་གི་སྤྱི་སྐད་དེ་ཚུར་འབུར་ཏུ་ཐོན་དགོས་པ། དེ་ག་ནང་བཞིན་ཕྲུ་གུ་ལོ་ན་མ་སོན་པའི་སྐབས་ནས་སྤྱི་སྐད་དེ་བེད་སྤྱོད་བཏང་ན་དེ་ལ་འགོག་རྐྱེན་བྱེད་མི་ཆོག་པ། དེ་འདྲའི་ཁྲིམས་ཡིག་མང་པོ་ཞིག་དེའི་ནང་དུ་གསལ་བསྡད་ཀྱི་འདུག ཁྲིམས་ནང་གསལ་བསྡད་དུས། རང་བཞིན་གྱིས་ང་རང་ཚོའི་བོད་ཀྱི་སྐད་ཡིག་དེ་ལ་ཤུགས་རྐྱེན་འགྲོ་ཡི་ཡོད་པ་གསལ་པོ་རེད། ད་གིན་གོང་དུ་ཞུས་པ་ནང་བཞིན་ནང་ཆོས་དེ་རྒྱ་ནག་ཅན་དུ་བསྒྱུར་རྒྱུ། དེ་ནང་བཞིན་ང་ཚོའི་སྐད་ཡིག་དེ་ཡང་རིམ་པས་ཚང་མས་བེད་སྤྱོད་བྱེད་བཞིན་པའི་སྤྱི་སྐད་དེ་མ་གཏོགས། ཐུན་མིན་གྱི་མི་རིགས་དེའི་སྐད་ཡིག་དེ་རིམ་བཞིན་གྱི་རྩ་བརླག་འགྲོ་རྒྱུ། དེའི་རྒྱུའམ་ཡང་ན་ཁོང་ཚོའི་ལག་པ་ཕྱི་ས་ཟེར་ནའང་འདྲ། དེ་ལ་ཁག་དཀྲིས་ནས་ང་རང་ཚོའི་སྐད་ཡིག་ལ་གཅེས་ཉར་བྱེད་མཁན་དེ་ཚོ་ལ་ཉེས་འཛུགས་བྱས་ནས་ཉེས་པ་ཕོག་པ་དེའི་ལམ་ཁ་དེ་འདིའི་ཐོག་ནས་གསལ་པོ་ཞེ་པོ་ཞིག་ཆགས་བསྡད་ཀྱི་འདུག དེ་བཞིན་མི་རིགས་མཉམ་བསྲེས་བྱས་པ་དེའི་ཐོག་ལ་ཡང་ཁྲིམས་དེའི་ནང་དུ་གསལ་པོ་ཡོད་པ་འདྲ། དེ་ཡིན་དུས་དེ་འདྲའི་ཐོག་ནས་ད་ལྟའི་རྒྱལ་སྤྱིའི་སྤྱི་ཚོགས་ནང་ལ་ཁྲིམས་ཡིག་དེའི་ཐོག་ལ་གླེང་སློང་ཤུགས་ཆེན་པོ་ཞེ་པོ་ཞིག་གནང་སྡོད་ཀྱི་ཡོད་རེད། དེ་ག་ནང་བཞིན་ང་རང་ཚོར་ཐད་ཀར་དེར་འབྲེལ་བ་ཆགས་བསྡད་ཡོད་དུས། མ་འོངས་པར་དེའི་ཐོག་ལ་ཉམས་ཞིབ་བྱེད་ནས་ཐེར་འདོན་གནང་རྒྱུ་དང་། དེ་ག་ནང་བཞིན་ང་རང་ཚོའི་ངོས་ནས་ཞུ་སྐུལ་གནང་རྒྱུ། རྒྱ་ནག་གཞུང་ལ་ཡིན་ནའང་དངོས་གནས་བྱས་ན་བརྡ་ལན་སྤྲོད་དགོས་པ་དེ་གལ་ཆེན་པོ་ཞེ་པོ་ཆགས་བསྡད་ཀྱི་ཡོད་རེད། མི་རིགས་དེ་གནས་མ་གནས་དང་མི་རིགས་དེ་མ་འོངས་མདུན་བསྐྱོད་བྱེད་ཐུབ་མིན་དེ་གཙོ་བོ་སྐད་ཡིག་དེ་ཆགས་བསྡད་ཡོད་རེད། མི་རིགས་དེའི་ཆོས་དང་རིག་གཞུང་ཆ་ཚང་སྐད་ཡིག་དེའི་ཐོག་ལ་གནས་དགོས་དུས། བོད་ཀྱི་སྐད་དེ་བརླག་སོང་བ་ཡིན་ན། བོད་ཀྱི་ཆོས་དང་རིག་གཞུང་ཚང་མ་བརླག་འགྲོ་ཡི་ཡོད་རེད། བརླག་འགྲོ་དུས། དེའི་ཐོག་ནས་ངོ་བོ་དང་ངོས་འཛིན་བྱེད་ས་ཞིག་མེད་པ་ཆགས་འགྲོ་ཡི་ཡོད་དུས། དེ་རྒྱ་ནག་གཞུང་གིས་ཆེད་མངགས་བཟོ་ཡི་ཡོད་རེད་པཱ། ང་ཚོ་བོད་མི་རིགས་ཀྱི་ངོས་ནས་ནད་དེ་ཆོགས་ཀྱི་ཡོད་མ་རེད་པཱ། ང་རང་ཚོའི་མི་རིགས་དེ་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་ཆོས་དང་རིག་གཞུང་། དེ་ག་ནང་བཞིན་སྐད་ཡིག་གི་ལོ་རྒྱུས་ལྡན་པའི་གནས་སྟངས་དེ་ཆགས་བསྡད་དུས། དེ་སྲུང་སྐྱོབ་བྱེད་པའི་འགན་དེ་བོད་མཐོ་སྒང་དུ་སྐྱེས་པ་ཙམ་གྱིས་སོ་སོ་ལ་རང་བཞིན་ནས་བདག་དབང་ཡོད་མཁན་ཞིག་དང་། རང་བཞིན་གྱིས་སོ་སོའི་མ་འོངས་པ་འབྲེལ་བ་ཆགས་བསྡད་པའི་གནས་སྟངས་ཆགས་བསྡད་ཡོད་རེད་པཱ། དེ་ཡིན་དུས་ཆབ་སྲིད་དང་དེ་ག་ནང་བཞིན་དགོས་མཁོའི་དབང་གིས་དེ་རྩ་མེད་བཟོ་རྒྱུ་དང་། དེ་ཉམས་ཆག་བཏང་བ་ཡིན་ན་དེ་ཏག་ཏག་སྡོད་ཀྱི་ཡོད་མ་རེད། དེར་བརྟེན་རྒྱ་ནག་གཞུང་གི་ངོས་ནས་ཡིན་ནའང་གྲངས་ཉུང་མི་རིགས་ཞེས་ཐ་སྙད་བེད་སྤྱོད་བྱེད་ཀྱི་ཡོད་རེད། གང་ལྟར་ང་ཚོ་བོད་མཐོ་སྒང་གི་མི་རིགས་དེ་བོད་མི་རིགས་ཆགས་བསྡད་ཀྱི་ཡོད་རེད། བོད་མི་རིགས་དེ་ལ་བོད་མི་རིགས་དེའི་ལོ་རྒྱུས་ཤིག་ཡོད་རེད། བོད་མི་རིགས་དེའི་སྐད་ཡིག་ཅིག་ཡོད་རེད། བོད་མི་རིགས་དེའི་རིག་གཞུང་ཞིག་ཡོད་རེད། དེ་སྲུང་སྐྱོབ་བྱ་རྒྱུའི་འགན་དེ་བོད་མི་རིགས་ལ་ཡོད་རེད་པཱ། ཡོད་པ་དེ་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་ནས་དེ་ལ་ཆེ་མཐོང་ཞིག་གནང་དགོས་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག དེ་ཡིན་དུས་དེ་འདྲའི་ཐོག་ནས་ང་རང་ཚོས་དེའི་ཐོག་ལ་ཞིབ་འཇུག་བྱས་ནས་བགྲོ་གླེང་ག་རེ་བྱེད་དགོས་ཀྱི་འདུག དེ་ཚོ་ང་ཚོས་བྱེད་དགོས་པའི་དུས་ལ་བབ་པ་འདྲ་པོ་ཞིག་ཆགས་བསྡད་འདུག་ཅེས་དེ་རིང་ཆབ་སྲིད་ཀྱི་ཐོག་ནས་འདི་འདྲ་ཞིག་ཞུས་ན་བསམས་སོང་།
དེ་ག་ནང་བཞིན་ང་ཚོའི་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་རིམ་འདི་ཆགས་བསྡད་ཡོད། ལས་རིམ་འདིའི་ཐོག་ནས་ཉེ་ཆར་༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་དགོངས་པ་རྫོགས་པ་རེད། དེའི་ཐོག་ནས་ང་ཚོའི་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ཞིག་ཆགས་པ་གཅིག་དང་། དེ་ག་ནང་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གཅུང་པོ། དམིགས་བསལ་གྱིས་ང་ཚོ་བོད་མི་རིགས་དང་འབྲེལ་བ་ཆགས་བསྡད་པའི་གནས་སྟངས་ཆགས་སྡོད་ཡོད་རེད། དུས་ཚོད་ཉག་ཕྲ་བའི་གནས་སྟངས་འདི་འདྲའི་གནས་བབ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་ཁོང་དང་འབྲེལ་བའི་གནས་བབ་དེ་ཚོ་ང་ཚོས་ཆེ་མཐོང་དང་གུས་བཀུར། དེ་ལ་དངོས་གནས་བརྩི་འཇོག་ཞུ་རྒྱུ་འདི་ང་ཚོའི་ལས་འགན་ཆགས་བསྡད་ཀྱི་ཡོད་རེད། དེ་ཡིན་དུས་༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་ཉེ་ཆར་དགོངས་པ་རྫོགས་པ་དེའི་ཐོག་ནས་ང་ཚོས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཅིག་ཁུར་ཡོད། དེ་ག་ནང་བཞིན་ལོ་འདི་གཙོ་བོ་སྔོན་རྩིས་གྲོས་ཚོགས་འདི་རྩིས་ལོ་ ༢༠༢༦་་་༢༠༢༧ གྱི་སྔོན་རྩིས་འཆར་འབུལ་ཆགས་བསྡད་ཡོད་རེད། དེའི་ཐོག་ནས་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་ཀྱི་གསུང་བཤད་ཕེབས་ཀྱི་ཡོད་རེད། དེ་ག་ནང་བཞིན་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཐོག་ནས་སྙན་ཐོ་ཕེབས་ཀྱི་ཡོད་རེད། དེའི་ཐོག་ནས་བཀུར་འོས་སྤྱི་འཐུས་རྣམ་པ་རེད། འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་གསལ་བཤད་ལན་འདེབས་རེད། དེ་ཚོའི་གྲས་གལ་ཆེན་པོ་ཞིག་བརྩི་དགོས་པའི་གནས་སྟངས་ཆགས་བསྡད་ཡོད་རེད། ངས་དཔེ་མཚོན་ཙམ་ཞིག་ཞུ་ཡི་ཡོད། ལས་གཞི་དཔེ་མཚོན་རང་ཞུ་ཡི་ཡོད། ལས་གཞི་མང་པོ་ཞེ་པོ་ཡོད་རེད། དཔེར་ན། བཀའ་ཤག་གོང་མའི་གོང་མའི་གོང་མའི་སྔོན་རྩིས་དང་གྲོས་ཚོགས་ནང་ལ་གླེང་སློང་བྱུང་བ། འགྲོ་སོང་ཡང་གང་ལ་གང་འཚམ་ཤུགས་ཆེན་པོ་བཏང་བ་དེ་སྐྱེ་ལྡན་སོ་ནམ་ཟེར་བའི་ལས་གཞི་དེ། སྐབས་དེ་དུས་ང་ཚོ་གྲོས་ཚོགས་ནང་ལ་སླེབས་ཚར་ཙམ་རེད། དེའི་ཐོག་ལ་འཛིན་སྐྱོང་གིས་ཤུགས་སྣོན་གནང་རྒྱུ་དང་འགྲོ་སོང་གཏོང་རྒྱུ། གྲོས་ཚོགས་ནང་ལ་དེའི་ཐོག་ལ་བགྲོ་གླེང་ཤུགས་ཆེན་པོ་ཡོང་གི་འདུག དེ་ཡིན་དུས་རྩ་བའི་ལས་གཞི་བྱེ་བྲག་པ་མང་པོ་ཞེ་པོ་ཞིག་ཡོད་རེད། ང་ཚོར་ལྷན་ཁང་ཁག་བདུན་ཡོད་རེད། ལྷན་ཁང་ཁག་རེ་རེ་ལ་ཡང་ལས་གཞི་མི་འདྲ་བ་སོ་སོར་འབྲེལ་བ་ཆགས་པའི་ལས་གཞི་མང་པོ་ཞེ་པོ་ཞིག་ཡོད་རེད། ཡིན་ནའང་འཛིན་སྐྱོང་བཀའ་ཤག་དང་ཚང་མས་ཏོག་ཙམ་འགྲོ་སོང་དང་འགན་ཁུར་ཤུགས་ཆེ་བ་གནང་ས་དེ་འདྲའི་ཐོག་ལ་ང་ཚོས་བགྲོ་གླེང་བྱས་ནས། དེའི་གནས་བབ་ཀྱི་ཐོག་ནས་བསམ་བློ་གཏོང་ས་ཞིག་འདུག་གཱ། དེ་ཡིན་དུས་དེའི་རྗེས་ཀྱི་བཀའ་ཤག་འདིའི་གོང་མའི་ཐོག་ནས་གཙོ་བོ་ཤེས་ཡོན་གྱི་ཐོག་ལ་སྤྱི་ཚོགས་ནང་ལ་སྐུལ་མ་བྱ་རྒྱུ་དང་། ཤེས་ཡོན་གྱི་ཐོག་ལ་དམིགས་བསལ་གྱིས་འགྲོ་སོང་གཏོང་རྒྱུ་དང་། གྲོས་ཚོགས་ནང་ལ་ཡིན་ནའང་བགྲོ་གླེང་ཤུགས་ཆེན་པོ་ཡོང་བའི་གནས་བབ་འདྲ་པོ་ཞིག་ཡོང་གི་ཡོད། ད་ལྟའི་བཀའ་ཤག་འདྲ་ཡིན་ན། སྤྱིར་བཏང་ནས་ལས་འཆར་མང་པོ་རེད་དེ། ཡིན་ནའང་གཙོ་བོ་རུབ་སྡོད་གཞིས་ཆགས་ཟེར་ནས། ང་ཚོའི་གཞིས་ཆགས་ཁག་ཏུ་ཁང་པ་མེད་མཁན་གྱི་བོད་མི་དེ་ཚོ་ལ་གཞིས་ཆགས་ཁག་ནང་ལ་རུབ་སྡོད་བྱ་རྒྱུའི་ལས་འཆར་ཞིག་ཡོད་རེད་པཱ། དེའི་ཐོག་ལ་དམིགས་བསལ་གྱིས་འགྲོ་སོང་གཏོང་རྒྱུ་དང་། གྲོས་ཚོགས་ནང་ལོགས་ལ་གླེང་སློང་དང་། དེའི་ཐོག་ནས་བགྲོ་གླེང་གི་ཆ་ཤས་མང་བ་ང་ཚོས་གཏོང་དགོས་པའི་གནས་སྟངས་འདི་འདྲ་ཆགས་ཡོང་གི་འདུག་གཱ། གང་ལྟར་བཀའ་ཤག་གི་ཐོག་ནས་ལས་འཆར་དང་ཐབས་བྱུས་འཛིན་ཕྱོགས་དེ་སྔོན་རྩིས་དང་ཐད་ཀར་འབྲེལ་བ་ཆགས་ཡོང་གི་ཡོད་རེད། ང་ཚོའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་བཀུར་བའི་འགན་དབང་ཆགས་བསྡད་ཡོད་རེད། གཅིག་ནས་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་དོན་ཐོག་ལ་འགན་འཁུར་དགོས་ཀྱི་ཡོད་རེད། གཉིས་ནས་བོད་དོན་བདེན་མཐའ་གསལ་རྒྱུར་ཆབ་སྲིད་ཀྱི་འཐབ་རྩོད་ཐོག་ལ་འགན་འཁུར་དགོས་ཀྱི་ཡོད་རེད། དེ་འདྲའི་ཐོག་ནས་འགན་འཁུར་དང་། ནུས་པ་དང་། འགྲོ་སོང་གཏོང་ཕྱོགས་ཀྱི་ཐོག་ནས་ཀྱང་མི་འདྲ་བ་ཏོག་ཙམ་ཡོང་བསྡད་ཀྱི་འདུག་གཱ། དེ་ཡིན་དུས་དེ་འདྲའི་ཐོག་ནས་ང་ཚོས་བགྲོ་གླེང་གི་ཆ་ཤས་བཞེས་རྒྱུ་རེད། མ་འོངས་པའི་བཀའ་ཤག་གི་དགོངས་པའི་ཐོག་ནས་ལས་འཆར་ག་རེ་བཟོ་དགོས་ཀྱི་ཡོད་མེད། དེས་འཛམ་གླིང་ནང་ལོགས་ལ་ཤུགས་རྐྱེན་གང་འདྲ་ཡོང་གི་ཡོད་མེད། ང་ཚོའི་སྤྱི་ཚོགས་ནང་ལ་ཕན་ཐོགས་གང་འདྲ་ཡོང་གི་ཡོད་མེད། དེའི་ཐོག་ནས་ང་ཚོའི་བགྲོ་གླེང་གནང་ཕྱོགས་དང་དེ་འདྲའི་ཐོག་ནས་གསལ་པོ་ཆགས་ཀྱི་རེད་བསམ་གྱི་འདུག

དེ་ག་ནང་བཞིན་ལོ་སྔོན་མ་དེ་ལ་རེད། ལོ་སྔོན་མར་ཨ་རིའི་རོགས་དངུལ་དང་འབྲེལ་བའི་ཐོག་ནས་ང་རང་ཚོའི་འགྲོ་སོང་གཏོང་ཕྱོགས་དང་དེ་ཚོའི་ཐོག་ལའང་སྤྱི་ཚོགས་ནང་དུ་གླེང་སློང་མང་པོོ་ཞིག་བྱུང་བ་རེད། ཚོགས་གཙོ་སྐབས་དེ་དུས་སྦེལ་ཀོབ་གཞིས་ཆགས་སུ་ཡོད། སྐུ་ངོ་སྲིད་སྐྱོང་མར་ཕེབས་བསྡད་ཡོད་རེད། དེ་དུས་ལོ་གསར་ཚེས་པ་གཅིག་ཉིན་ཁོ་རང་ཚོ་མཛད་སྒོ་ཞིག་ཚོགས་ཀྱི་འདུག དེ་ལ་ང་ཚོར་སྐད་ཆ་ཤོད་རྒྱུའི་དུས་ཚོད་བཟོས་འདུག སྐབས་དེ་དུས་ངས་ཞུས་པ་ཡིན། ང་ཚོ་བཙན་བྱོལ་ལ་གྱར་ནས་ལོ་ངོ་དྲུག་ཅུ་ལྷག་ཆགས་འགྲོ་ཡི་ཡོད་རེད། ཡིན་ནའང་ང་རང་ཚོའི་གཞུང་གིས་འགྲོ་སོང་གཏོང་རྒྱུ་མང་བ་དེ་འཐབ་རྩོད་དང་བོད་ཀྱི་སྐད་ཡིག་དང་རིག་གཞུང་དེ་དག་གནས་ཐབས་སུ་ཤུགས་རྐྱེན་དང་འབད་བརྩོན་གང་དྲག་བྱེད་དགོས་ཀྱི་འདུག མ་གཏོགས་ང་ཚོའི་སྤྱི་ཚོགས་ཀྱི་བདེ་དོན་འཕྲོད་བསྟེན་གྱི་གནས་བབ་ཡིན་ན་འདྲ། སྤྱི་ཚོགས་རང་གི་ཟས་གོས་གནས་མལ་ཟེར་བ་ཞིག་ཡོད་རེད། དེ་ཚོའི་གྲས་སོ་སོའི་ངོས་ནས་འགན་ཁུར་ནས་གཞུང་ལ་སྙེས་བརྒྱབ་མ་དགོས་པའི་གནས་བབ་ཅིག་དགོས་ཀྱི་འདུག་ཅེས་དེ་དུས་ངས་ཞུས་པ་ཡིན། དེ་ཡིན་དུས་མ་འོངས་པར་ཡིན་ནའང་ང་རང་ཚོས་དེའི་ཐོག་ལ་དགོངས་པ་བཞེས་དགོས་རྒྱུ་གལ་ཆེན་པོ་རེད་འདུག ང་རང་ཚོའི་དཔལ་འབྱོར་གྱི་ཡོང་ཁུངས་ཀྱི་བརྒྱ་ཆ་མང་བ་དེ་གཞན་རྟེན་ཆགས་བསྡད་ཡོད་རེད། སྒྲིག་འཛུགས་རང་གི་ཐོག་ནས་གཞན་ལ་བརྟེན་ནས་ཡོང་འབབ་བཟོ་དགོས་ཀྱི་ཡོད་རེད་མ་གཏོགས་པས། ང་རང་ཚོ་རང་གི་ཡོང་ཁུངས་ཚད་ལྡན་ཞིག་ཡོད་མ་རེད། དེ་འདྲའི་ཐོག་ནས་དགོངས་པ་རྒྱ་ཆེ་ས་ནས་བཞེས་ཐུབ་ན་ཏན་ཏན་གྱིས་ང་ཚོའི་ནུས་པ་དེའང་མི་འདྲ་བ་ཞིག་ཐོན་ཐུབ་པའི་རེ་བ་མེད་ན་བསམ་གྱི་འདུག དེའི་ཐོག་ནས་ང་ཚོ་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རེད། དེ་ག་ནང་བཞིན་འཛིན་སྐྱོང་བཀའ་ཤག་རེད། ལྷག་པར་དུ་ང་ཚོའི་རྒྱ་ཆེའི་མི་མང་གི་ཐོག་ནས་ང་རང་ཚོའི་ཟས་གོས་གནས་མལ་ཙམ་ལ་ཡང་གཞུང་ལ་སྙེས་བརྒྱབ་ན་ཏག་ཏག་བསྡད་ཀྱི་མི་འདུག དེ་ཡིན་དུས་འགྲོ་སོང་གཏོང་ས་དང་དེ་འདྲའི་ལས་འཆར་མང་པོ་ཞེ་པོ་ཞིག་ཡོད་རེད། གཙོ་བོ་ཆབ་སྲིད་ཀྱི་འཐབ་རྩོད་དང་སོ་སོའི་མི་རིགས་འདིའི་ངོ་བོ་གནས་ཐུབ་རྒྱུར་གཙོ་བོ་ག་རེ་དགོས་ཀྱི་འདུག་ཟེར་བ་ཞིག་ཡོད་རེད། དེ་ཚོའི་ཐོག་ལ་ང་ཚོས་འབད་བརྩོན་དང་འགྲོ་སོང་དེ་ཚོ་ལས་འཆར་དེ་འདྲར་གཏོང་ཐུབ་ན་ཏན་ཏན་ཐུགས་ཕན་གསོ་ཡི་མེད་ན་བསམས་ནས་ཞོར་འཕྲོས་འདྲ་པོ་ཞིག་འདིར་ཞུས་པ་ཡིན།
དེ་ག་ནང་བཞིན་གྱི་ང་ཚོའི་ལས་རིམ་གཅིག་དེ་བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་ཐོག་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སླེབས་ཀྱི་ཡོད་རེད། ང་ཚོས་ཕྱི་ལོ་ ༢༠༠༨ ནས་བཟུང་སྟེ་ད་ལྟ་བར་དུ་གྲོས་ཚོགས་ནང་ལ་འཁུར་བསྡད་ཡོད་རེད། དེ་ཡིག་ཆ་གལ་ཆེན་པོ་ཞེ་པོ་ཞིག་ཆགས་བསྡད་ཡོད་རེད། དེའི་ནང་ལོགས་ལ་ཚང་མ་ཆབ་སྲིད་ཀྱི་འཐབ་རྩོད་དང་བོད་ནང་གི་གནས་སྟངས་དང་འབྲེལ་བ་ཐད་ཀར་ཆགས་ཀྱི་ཡོད་རེད། དེའི་ཐོག་ནས་ཡིག་ཆ་འཁུར་སྟངས་དེ་གྲོས་ཚོགས་ཚོགས་དུས་སྔོན་མ་འགའ་ཤས་ཀྱི་ཐོག་ནས་གྲོས་ཚོགས་ནང་གི་ཚོར་བ་དང་གླེང་སློང་དང་བགྲོ་གླེང་གི་གནས་སྟངས་ལ་བརྟེན་ནས། སྔོན་མ་འདྲ་ཡིན་ན་ང་ཚོའི་གྲོས་ཚོགས་ཚོགས་དུས་དེའི་ཉི་མ་དང་པོ་རང་ལ་དེ་འཁུར་གྱི་ཡོད་རེད། ང་ཚོས་དེ་ཉི་མ་ཁ་ཤས་ཀྱི་རྗེས་ལ་འཁུར་རྒྱུའི་གནས་བབ་ཅིག་ཆགས་བསྡད་ཡོད་རེད། དེ་ཡིན་དུས་ང་ཚོར་དེ་ཡང་ཡོང་གི་ཡོད་རེད། དེའི་ཐོག་ནས་ཚང་མས་དགོངས་ཚུལ་སྤུང་རྒྱུ་དང་། ཡང་དེའི་ཐོག་ནས་འཛིན་སྐྱོང་བཀའ་ཤག་ནས་ཡིན་ནའང་གསལ་བཤད་ལན་འདེབས་གནང་དགོས་རྒྱུ། བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་ཡིན་ནའང་དངོས་གནས་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད། ང་ཚོ་ད་ལྟའི་འཛམ་གླིང་ནང་དུ་འགྱུར་བ་ཆེན་པོ་ཞེ་པོ་འགྲོ་ཡི་ཡོད་རེད། མི་སོ་སོ་ལ་རྣམ་དཔྱོད་མི་འདྲ་བ་ཡོད་རེད། མི་ཚང་མ་རྣམ་དཔྱོད་གཅིག་པ་ཡོང་གི་མ་རེད་པཱ། དེའི་ཐོག་ནས་བློ་སྐྱེད་མང་པོ་རག་གི་ཡོད་རེད། ང་ཚོའི་གྲོས་ཚོགས་ཀྱི་ར་བ་གཅིག་པུ་མ་རེད། དེའི་འབྲེལ་བ་ཡོད་པ་མང་པོ་ཞིག་ལ་ཐད་ཀར་འབྲེལ་བ་ཆགས་བསྡད་ཀྱི་ཡོད་རེད། ང་ཚོའི་གྲོས་ཚོགས་ལ་གཟིགས་མཁན་དང་དོ་སྣང་བྱེད་མཁན་ང་ཚོའི་སྤྱི་ཚོགས་གཅིག་པུ་ཡིན་བསམ་ན་དེ་ཏག་ཏག་བསྡད་ཀྱི་ཡོད་མ་རེད། ང་ཚོ་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཚང་མས་དོ་སྣང་བྱེད་བསྡད་ཀྱི་ཡོད་རེད། དེའི་ངོ་བོ་གང་འདྲ་སོ་སོས་འཛིན་ཐུབ་དགོས་ཀྱི་འདུག དེ་ལ་གོ་བརྡ་གང་འདྲ་སྤྲོད་དགོས་ཀྱི་འདུག དེའི་ངོ་བོ་སྲུང་སྐྱོབ་ག་རེ་བྱེད་ཐུབ་དགོས་ཀྱི་འདུག དེ་ཡིན་དུས་དེ་ཚོའི་ཐོག་ལ་དགོངས་པ་བཞེས་ནས་བགྲོ་གླེང་ཞུ་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་གཅིག་དེ་ཆགས་བསྡད་ཡོད།
དེ་ག་ནང་བཞིན་གྱི་གྲོས་ཚོགས་ཀྱི་ལས་རིམ་གཅིག་དེ་གྲོས་ཚོགས་སྔོན་མའི་ཆེད་འཛུགས་ཚོགས་ཆུང་གཉིས་ཆགས་བསྡད་ཀྱི་ཡོད་རེད། ཆེད་འཛུགས་ཚོགས་ཆུང་གཉིས་ནས་གཅིག་དེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་། རྒྱལ་རྟགས་ཀྱི་བཟོ་དབྱིབས་དང་། མཚོན་མདོག དེ་ག་ནང་བཞིན་གྱི་བོད་ཀྱི་རྒྱལ་གླུའི་གདངས་དབྱངས་རིང་ཐུང་དེ་ཚོ་ཚད་ལྡན་གཅིག་འགྱུར་བཟོ་རྒྱུ་རང་རེད། དེ་ལ་ང་ཚོས་འགྱུར་བ་གཏོང་རྒྱུའི་བཀའ་མོལ་གང་ཡང་ཡོད་མ་རེད། དེ་ཚོ་ང་ཚོའི་སྤྱི་ཚོགས་ནང་ལོགས་ལ་ཁྲོམ་རྭའི་ནང་ལ་ཚོང་རྫས་ཀྱི་རྣམ་པ་མང་པོ་ཆགས་ཡོང་དུས་ཁ་ཤས་ཀྱིས་གང་བྱུང་བྱུང་བཟོ་བཞག་གི་ཡོད་རེད་པཱ། དེ་ཡིན་དུས་དེ་གཅིག་འགྱུར་ཆགས་ཀྱི་ཡོད་མ་རེད། གདངས་ཡིན་ནའང་སྐད་སྙན་པ་དང་མ་སྙན་པ། ཡང་སོ་སོའི་བློ་ཡིས་བསམ་བློ་འདྲ་གཏང་སྟེ་གདངས་ལའང་དེ་འདྲའི་འགྱུར་བ་གཏང་བཞག་གི་འདུག་གཱ། དེ་ཚོ་ཚང་མ་སྔོན་མའི་གནས་བབ་དེ་ཚད་ལྡན་དེ་ག་པར་འདུག དེ་ངོས་འཛིན་གང་འདྲ་བྱས་འདུག དེའི་གནས་བབ་དེ་ང་ཚོས་བསྐྱར་གསོ་བྱེད་ཀྱི་ཡོད་རེད། སྙན་ཐོ་དང་མཉམ་དུ་ཁོང་རྣམ་པའི་ཚོགས་ཆུང་གིས་ཁྲིམས་ཡིག་ཅིག་འཁུར་ཡོད་རེད། དེ་གཏན་འབེབས་བྱས་ཟིན་པ་ཡིན་ན་དེའི་ཐོག་ནས་གཅིག་འགྱུར་ཡོང་རྒྱུ་གཅིག་དང་། དེ་ལྟར་ལག་ལེན་བསྟར་དགོས་པ་ཆགས་ཀྱི་ཡོད། དེ་མ་ཡིན་པར་སུས་བེད་སྤྱོད་གནང་གི་ཡོད་པ་ཡིན་ནའང་། དེ་ཁྲིམས་འགལ་ཆགས་ཀྱི་ཡོད་རེད་པཱ། དེ་བྱེད་ཆོག་གི་ཡོད་མ་རེད། ད་ལྟ་ང་རང་ཚོས་དེ་གཅིག་འགྱུར་བཟོ་རྒྱུ་རང་གི་ཆེད་དུ་ཚད་ལྡན་ཡོང་རྒྱུ་དང་། དེའི་ཐོག་ནས་ཚོགས་ཆུང་གི་སྙན་ཐོ་བསླེབ་ཀྱི་ཡོད་རེད། དེ་ག་ནང་བཞིན་གྱི་སྙན་ཐོ་དང་མཉམ་དུ་ཁོང་རྣམ་པའི་འཆར་ཟིན་གྱི་སྒྲིག་གཞི་ཞིག་བསླེབ་ཀྱི་འདུག དེ་ཡིན་དུས་གྲོས་ཚོགས་དེའི་ནང་བསླེབ་ཀྱི་ཡོད་རེད། དེའི་ཐོག་ལ་ང་ཚོས་བགྲོ་གླེང་བྱེད་ནས་གཏན་འབེབས་བྱེད་རྒྱུའི་གནས་སྟངས་གཅིག་དེ་ཆགས་བསྡད་ཡོད་རེད།
དེ་ག་ནང་བཞིན་གྱི་ཚོགས་ཆུང་གཅིག་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མང་གཙོ་དང་འབྲེལ་བའི་ཐོག་ནས་གྲོས་ཚོགས་ཀྱི་ཕྱི་ལོགས་ཡིན་ནའང་འདྲ། གྲོས་ཚོགས་ཀྱི་ནང་ལ་ཡིན་ནའང་འདྲ། བཀའ་སློབ་གནང་བཞག་པ་རྣམས་ང་ཚོས་ཕྱོགས་བསྒྲིགས་བྱ་རྒྱུ། དེ་བཞིན་མང་གཙོའི་བྱུང་བ་བརྗོད་པའི་དེབ་གཉིས་ཡོད་རེད། དེ་སྐབས་གཉིས་གསུམ་དེ་འདྲའི་ཐོག་ནས་ཁ་བསྐོང་བྱེད་ཀྱི་ཡོད་རེད། དེའི་ཐོག་ནས་ང་ཚོས་ཆེད་འཛུགས་ཚོགས་ཆུང་བཙུགས་ནས་ཁོང་རྣམ་པ་ཡི་དེབ་གཟུགས་དེ་ཚོགས་དྲུང་ལས་ཁུངས་སུ་སླེབས་ཚར་བ་རེད། ཡིན་ནའང་པར་བསྐྲུན་བྱེད་རྒྱུ་དེ་ལྷག་བསྡད་ཡོད་རེེད། ཡིན་ནའང་ཁོང་རྣམ་པས་གྲོས་ཚོགས་ཀྱི་ཆེད་འཛུགས་ཚོགས་ཆུང་ཡིན་པའི་ཆ་ནས་སྙན་ཐོ་དེ་གྲོས་ཚོགས་ནང་ཕེབས་ཀྱི་ཡོད་རེད་ཟེར་ནས་དེ་གཅིག་ཞུ་རྒྱུ་ཡིན།
དེ་ག་ནང་བཞིན་གྱི་ཁྲིམས་བཟོའི་ལས་དོན་གཅིག་དེ་ང་ཚོའི་མཛད་གཙོ་རྣམ་པ་འཕོ་འགྱུར་དང་འབྲེལ་བའི་སྒྲིག་གཞི་འཆར་ཟིན་དེ་རེད། དེའི་ཐོག་ལ་ཚོགས་ཆུང་རིམ་པ་འགའ་ཤས་ཀྱིས་ཕྱག་ལས་གནང་བ་རེད། ང་ཚོའི་གྲོས་ཚོགས་ཚོགས་དུས་སྐབས་སྔོན་མའི་ཡིག་ཆ་ཨང་ ༤༡ པ། སྐབས་དེ་དུས་ང་ཚོའི་གྲོས་ཚོགས་ཀྱི་ལས་ཉིན་འདང་མིན་ལ་བལྟས་ནས་གྲང་སངས་བཏང་བ་རེད། དེ་བསྐྱར་དུ་ང་ཚོའི་གྲོས་ཚོགས་འདི་ནང་ཕེབས་ཡོང་གི་ཡོད་རེད། དེ་ཡིན་དུས་དེ་བརྗོད་པ་གཉིས་པའི་ཐོག་ལ་མར་འགྲོ་རྒྱུ་དང་། སྐབས་དེ་དུས་ཡང་བཟོས་བཅོས་ཁྲིམས་འཆར་དེ་འདྲ་ཡོད་པ་ཡིན་ན་ཡང་སྐབས་དེ་དུས་བསྣམས། གལ་ཏེ་དེ་གཏན་འབེབས་རྩ་ནས་བྱེད་ཐུབ་ཀྱི་མེད་པ་ཡིན་ན། མ་བྱུང་བ་ཡིན་ན་སྔོན་མའི་གནས་འབབ་དང་། ད་ལྟའི་གནས་འབབ་གང་ཡིན་པ་དེ་དྲན་པའི་ཐོག་ནས་ལག་བསྟར་བྱེད་རྒྱུ་རེད། འཆར་ཟིན་དེ་གཏན་འབེབས་བྱུང་སོང་བ་ཡིན་ན་དེ་གཞིར་བཟུང་གི་ཐོག་ནས་ང་ཚོས་འགྲོ་དགོས་པའི་གནས་སྟངས་ཆགས་བསྡད་ཡོད་རེད། ཡང་བསྐྱར་ཡང་བསྐྱར་ཕར་དུས་ཚོད་འདྲ་ནར་བསྡད་ན་ཕན་ཐོགས་ཞེ་དྲག་མེད་པའི་གནས་སྟངས་འདྲ་ཆགས་བསྡད་བཞག དེ་ཡིན་དུས་ད་ལྟ་ང་ཚོའི་གྲོས་ཚོགས་ཚོགས་དུས་འདི་ལ་ལས་ཉིན་བཅུ་གསུམ་ཡོད་རེད། ལས་ཉིན་གཅིག་གཉིས་ཤིག་བྱེད་ན་དེ་ལ་གཏང་དགོས་པའི་དམིགས་ཚད་འདྲ་པོ་ཟིན་པ་རེད། ཡང་ཁྲིམས་ཡིག་ཟེར་དུས་མཚམས་མཚམས་དུས་ཚོད་འགོར་གྱི་རེད། མཚམས་མཚམས་དུས་ཚོད་འགོར་གྱི་མ་རེད། དུས་ཚོད་སྔོན་ལ་སྒྲུབ་པའི་གནས་སྟངས་ཆགས་སོང་ན་སྐབས་དང་དུས་ལ་སྙན་སེང་དང་ལག་བསྟར་ཞུ་རྒྱུ་ཞིག་ཆགས་བསྡད་ཀྱི་རེད་ཅེས་དེ་གཅིག་ཞུ་རྒྱུ་ཡིན།
དེ་ག་ནང་བཞིན་གྱི་ང་ཚོའི་བཀུར་འོས་སྤྱི་འཐུས་རྣམ་པ་རེད། འཛིན་སྐྱོང་བཀའ་ཤག་རེད། ང་ཚོའི་སྐབས་བཅུ་བདུན་པའི་གྲོས་ཚོགས་ཐོག་མར་དབུ་འཛུགས་བྱེད་དུས་ང་ཚོའི་གནས་བབ་ཀྱི་ཐོག་ནས་དཀའ་ངལ་རིམ་པ་མང་པོ་བྱུང་བ་རེད། དེ་ཡིན་དུས་ང་རང་ཚོ་ཚང་མས་ནུས་པ་གཅིག་བསྒྲིལ་གྱིས་བཟང་ཕྱོགས་ཀྱི་གདོང་ལེན་བྱས་ནས་བོད་མིའི་སྒྲིག་འཛུགས་དེ་རྒྱུན་ལྡན་ནང་བཞིན་འགྲོ་ཐུབ་རྒྱུ། དེ་ཡང་ཚགས་ཚུད་པོ་ཡག་པོ་བྱེད་ནས་འགྲོ་ཐུབ་རྒྱུའི་གནས་བབ་ཅིག་ཆགས་བསྡད་ཡོད་རེད། དེ་ཡིན་དུས་ངོ་གནོང་མ་དགོས་པ་ཟེར་ན་མི་འདུག། གང་ལྟར་ཕྱོགས་གཅིག་ནས་ཞུས་པ་ཡིན་ན་སྤོབས་པ་དང་ལྡན་པའི་ང་ཚོས་ལས་དོན་ཞིག་སྒྲུབ་ཐུབ་ཡོད་རེད། ཕྱོགས་གཞན་ནས་ཞུས་པ་ཡིན་ན་ངོ་གནོང་མི་དགོས་པའི་གནས་སྟངས་ཞིག་ང་ཚོ་ཆགས་ཐུབ་ཡོད་རེད། དེ་ཡིན་དུས་དེ་རིང་འཛིན་སྐྱོང་བཀའ་ཤག་རེད། བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་ཚང་མ་ལ་ལེགས་གསོལ་བསྔགས་བརྗོད་ཞུ་རྒྱུ་ཡིན།
དེ་ག་ནང་བཞིན་གྱི་རྒྱལ་སྤྱི་ཡི་ཁྱོན་དུ་ཡིན་ནའང་ང་ཚོས་འབྲེལ་ལམ་བཙུགས་རྒྱུ་དེ་ཚོ་ཉམས་ཆག་གང་ཡང་ཕྱིན་མེད་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད། གྲོས་ཚོགས་ཀྱི་ཡིན་ནའང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་གཉིས་ཚོགས་ཡོད་རེད། ཐེངས་བརྒྱད་པ་དེ་ཝ་ཤིང་ཊོན་ཌི་སི་ (Washington D.C) ལ་ཚོགས་པའི་སྐབས་དེ་དུས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi ཕེབས་ནས་གསུང་བཤད་གནང་བ་དེ་འདྲའི་ང་ཚོར་སྡིངས་ཆ་ཚད་མཐོན་པོ་དེ་འདྲ་བྱུང་ཐུབ་ཡོད། དེ་ག་ནང་བཞིན་གྱི་ཐེངས་དགུ་པ་དེ་ང་ཚོས་ཉི་འོང་གི་རྒྱལ་ས་ཊོག་ཡོ་ (Tokyo) ལ་ཚོགས་ཐུབ་ཡོད་རེད། སྐབས་དེ་དུས་ཡང་གནད་ཡོད་མི་སྣ་མང་པོ་ཞིག་ཕེབས་ནས་བོད་དོན་གྱི་ཐོག་ལ་ཐུགས་སྣང་དང་། རྒྱབ་སྐྱོར་གནང་བ། དེ་བཞིན་གྲོས་ཆོད་བཞག་པ་དེ་འདྲ་བྱུང་ཡོད་རེད། དེ་ཡིན་དུས་ང་རང་ཚོའི་གནས་བབ་དེ་གང་ལ་གང་འཚམ་ཞིག་ཡག་པོ་སླེབས་བསྡད་ཡོད་རེད། ཆབ་སྲིད་ཀྱི་འཐབ་རྩོད་ཟེར་བ་དེ་གཅིག་བྱེད་ན་དུས་ཚོད་རིང་པོ་འགོར་སྲིད་ཀྱི་རེད། གཅིག་བྱེད་ན་དུས་ཚོད་ཐུང་ཐུང་ཞིག་གི་ནང་འགྱུར་བ་འགྲོ་སྲིད་ཀྱི་རེད་པཱ། ཡིན་ནའང་ང་རང་ཚོའི་ངོས་ནས་སེམས་ཤུགས་མ་ཆགས་པའི་ཐོག་ནས་སྔོན་མའི་གནས་བབ་དེ་གང་འདྲ་བྱུང་བཞག མ་འོངས་པའི་དམིགས་རྒྱང་དེ་གང་འདྲ་ཟིན་དགོས་ཀྱི་འདུག ད་ལྟ་ང་ཚོས་འགན་འཁུར་གང་འདྲ་བཞེས་དགོས་ཀྱི་འདུག་དེའི་ཐོག་ནས་ང་རང་ཚོས་ནུས་པ་མཉམ་སྤུངས་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་འདུག དེ་ཡིན་དུས་བཀུར་འོས་སྤྱི་འཐུས་རྣམ་པ་ཡིནའང་རེད། འཛིན་སྐྱོང་བཀའ་ཤག་རེད། སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་འདི་གྲོས་ཚོགས་ཀྱི་ཚོགས་དུས་མཐའ་མ་དེའང་ཆགས་བསྡད་ཀྱི་ཡོད་རེད། གྲོས་ཚོགས་འདིའི་ནང་ལ་བགྲོ་གླེང་དང་དོགས་འདྲི། ལན་འདེབས་གསལ་བཤད་ག་རེ་ཕེབས་པ་ཡིན་ནའང་དོན་དང་ལྡན་པ། རྒྱུ་མཚན་དང་ལྡན་པའི་ཐོག་ནས་ང་ཚོས་གླེང་སློང་གནང་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་ཆགས་བསྡད་ཀྱི་འདུག དེ་ག་ནང་བཞིན་གྱི་བོད་ཀྱི་སྐད་ཡིག་ཡིན་ནའང་སྐད་ཡིག་ཕྱུག་པོ་ཞེ་དྲག་ཆགས་བསྡད་ཡོད་རེད་དཱ། བོད་ཀྱི་སྐད་ཡིག་དང་ང་ཚོའི་མི་ཡི་བསམ་བློ་གཉིས་འདྲ་པོ་འདྲ་པོ་རེད། མི་ཡི་བསམ་བློ་དེ་ལ་ང་ཚོས་ཚད་ཟིན་རྒྱུ་ཡོད་མ་རེད་པཱ། དེ་ག་ནང་བཞིན་གྱི་བོད་ཀྱི་སྐད་ཡིག་དེ་ཕྱུག་པོ་ཞེ་པོ་ཞིག་རེད། ཆོས་ཡིནའང་འདྲ། ཆབ་སྲིད་ཡིནའང་འདྲ། དཔལ་འབྱོར་ཡིན་ནའང་འདྲ། གནས་བབ་མང་པོ་ཞིག་ལ་བེད་སྤྱོད་གཏོང་ཐུབ་པའི་ང་ཚོར་ཚིག་འདང་གི་ཡོད་རེད་དཱ། དེ་ཡིན་དུས་ཚིག་ཡིན་ནའང་ང་ཚོར་ཚིག་ཕྱུག་པོ་དེ་འདྲ་བེད་སྤྱོད་གཏོང་རྒྱུ། ཚིག་མཐོན་པོ་དེ་འདྲ་བེད་སྤྱོད་གཏོང་རྒྱུ། ཚིག་མཐོན་པོ་དང་ཚིག་ཕྱུག་པོ་གཅིག་བེད་སྤྱོད་གཏོང་ཐུབ་ན་དེ་བོད་ཀྱི་སྐད་ཡིག་ལ་ཞབས་འདེགས་ཆགས་ཀྱི་ཡོད་རེད། བོད་ཀྱི་རིག་གཞུང་ལ་ཞབས་འདེགས་ཆགས་ཀྱི་ཡོད་རེད། དེ་ཡིན་དུས་དེ་ཚོའི་གྲས་ང་ཚོས་དགོངས་པ་བཞེས་ནས་ཏོག་ཙམ་ཡར་རྒྱས་གཏོང་ཐུབ་རྒྱུ་དང་། ཉམས་ཆག་མ་འགྲོ་བ་བྱེད་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་ཆགས་བསྡད་ཀྱི་འདུག་ཅེས་དེ་འབོད་སྐུལ་གྱི་ཚུལ་དུ་ཞུ་རྒྱུ་ཡིན། དེ་ག་ནང་བཞིན་གྱི་ང་ཚོའི་གྲོས་ཚོགས་ཚོགས་དུས་འདིའི་ཐོག་ནས་ད་ལྟ་སྤྱི་འཐུས་གསུམ་ནས་ལས་ཉིན་ཆ་ཚང་ཞིག་དགོངས་པ་ཞུས་སོང་། སྤྱི་འཐུས་གཉིས་ཙམ་ཞིག་གིས་ཉི་མ་འགའ་ཤས་ཤིག་དགོངས་པ་ཞུས་སོང་མ་གཏོགས། དེ་མ་ཡིན་པའི་སྤྱི་འཐུས་ཚང་མ་དེར་ཕེབས་བསྡད་ཡོད་ཟེར་ནས་ཞུ་རྒྱུ་ཡིན། གྲོས་ཚོགས་འདི་མདོར་ན་དོན་དང་ལྡན་པ་ཞིག་ཡོང་རྒྱུར་ཚང་མས་འབད་བརྩོན་དང་འགན་འཁུར་བཞེས་རོགས་གནང་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། རླབས་ཆེན་ཐུགས་ཀྱི་དགོངས་དོན་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།