སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་གཟབ་རྒྱས་ངང་དབུ་འཛུགས་གནང་བ།

༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་ལས་ཉིན་གྲངས་བརྒྱད་རིང་གི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་བཅུ་པ་གཟབ་རྒྱས་ངང་དབུ་འཛུགས་གནང་ཡོད།

དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་དཔལ་ལྡན་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་དང་འབྲེལ། ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་སོང་།

དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་དགུ་པ་དང་། བཅུ་དྲུག་གཞིར་བཟུང་། ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་གྲུབ་མཚམས།


བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་དང་། བཀའ་ཟུར་བྲིན་པ་གཡང་དར་ཚེ་རིང་དོན་གྲུབ་མཆོག སྤྱི་ཟུར་འབའ་པ་རླུང་ཁང་ངག་དབང་བཀྲ་ཤིས་མཆོག་བཅས་དམ་པ་རྣམས་ཀྱི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་དང་། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་བཅས་ནས་རིམ་བཞིན་སྙན་སྒྲོན་ཞུས་རྗེས།

ཚང་མ་སྐུ་བཞེངས་ཐོག་ངག་བཅད་མྱ་ངན་སྐར་མ་གཅིག་རིང་ཞུས་གནང་སོང་།

དེ་ནས་ལས་བསྡོམས་སྙན་སྒྲོན་དང་། ཞིབ་བཤེར་ལས་དོན་གྱི་ལས་རིམ་དབུ་འཛུགས་གནང་ཞིང་། ཐོག་མར་དཔལ་ལྡན་སྲིད་སྐྱོང་དང་། ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༤་་་༢༥ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་།

སྤྱི་འཐུས་རྒྱུན་ལས་ཀྱིས་ཆོས་རིག་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་སྙན་སྒྲོན་བཅས་གནང་རྗེས། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བ་དང་།

དེར་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་རྒྱབ་སྐྱོར་གནང་སྟེ། ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་འགོ་འཛུགས་སོང་།


བགྲོ་གླེང་སྐབས་སྤྱི་འཐུས་རྣམ་པས། བོད་མིའི་ཆོས་ཚོགས་ཐེངས་ ༡༥ པ་གོ་སྒྲིག་གཟབ་རྒྱས་ཞུས་པར་བསྔགས་བརྗོད་དང་། དེ་བཞིན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ད་ལྟའི་གནས་བབ་དང་། བོད་ཀྱི་ཟློས་གར་ཚོགས་པའི་ལས་དོན་སྐོར་དང་། ཆོས་བརྒྱུད་སྤྱིའི་ཐོག་ཉམས་ཆག་གང་ཕྱིན་པའི་ཐོག་ཞིབ་འཇུག་གནང་བའི་སྙན་ཐོ་དང་འབྲེལ། དགོན་སྡེ་ཁག་གི་ནང་གྲྭ་བཙུན་གྱི་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་ཐོག་སེམས་འཚབ། བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་མཛད་པའི་སློབ་དེབ་བློ་གསལ་མགུལ་རྒྱན་དགོན་སྡེ་ཁག་ལ་རིན་མེད་འགྲེམས་སྤེལ་གནང་ཕྱོགས། གཞུང་ཆེན་རིས་མེད་བགྲོ་གླེང་བལ་ཡུལ་ནང་གོ་སྒྲིག་ཞུ་ཐུབ་ཐབས། གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་གལ་གནད་སོགས་ཀྱི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བར། དཔལ་ལྡན་སྲིད་སྐྱོང་དང་། ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་བགྲོ་གླེང་མཇུག་བསྒྲིལ་གནང་བ་དང་། དེ་རྗེས་དཔལ་ལྡན་སྲིད་སྐྱོང་དང་། ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༤་་་༢༥ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་འགོ་བཙུགས་སོང་།


དེ་ཉིན་སྔ་དྲོ་གྲོས་ཚོགས་ཀྱི་ཟུར་ཉན་དུ་ཡུ་རོབ་ཌེན་མག་རྒྱལ་ཁབ་ནས་ཡིན་པའི་གཞོན་སྐྱེས་སྐུ་ཚབ་ཚོགས་ཆུང་ཞིག་གི་ཚོགས་མི་རྣམས་ཆེད་བཅར་གནང་ཡོད་པ་བཅས།