སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བཅུ་པ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༨ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་བདུན་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བཅུ་པ་བསྐྱངས་གནང་སོང་།

སྔ་དྲོའི་ལས་རིམ་ཐོག་མུ་མཐུད་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་། གཏན་འབེབས་ཀྱི་ལས་རིམ་ཐོག་ནང་སྲིད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། སྦེང་ལོར་ལྷོ་ཕྱོགས་གཞིས་སྤྱི་ལས་ཁུངས་དང་ས་འཐུས་མེད་པའི་ས་གནས་ཁག་བདུན་གྱི་ཟུར་བཀོལ་སྔོན་རྩིས་ཐོག་བགྲོ་གླེང་དང་གཏན་འབེབས་གནང་སོང་།

ནང་སྲིད་དང་འབྲེལ་བའི་ཐད་སྤྱི་འཐུས་རྣམ་པས་དོགས་འདྲི་དང་། དགོངས་ཚུལ་ཕུལ་བ་ཁག་ལ་དཔལ་ལྡན་ནང་སྲིད་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་། ནང་སྲིད་ལས་ཁུངས་ཀྱི་ཟུར་བཀོལ་སྔོན་རྩིས་ཐོག་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ཚོགས་མི་སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་ནས་གཅོག་ཆའི་གྲོས་འཆར་གཅིག་སྙན་སྒྲོན་དང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་གིས་རྒྱབ་སྐྱོར་གནང་སོང་བར་གྲོས་ཚོགས་ནས་གཏན་འབེབས་གནང་སོང་།

དེ་རྗེས་ཁྲིམས་བཟོའི་ལས་དོན། བརྗོད་པ་གཉིས་པའི་ལས་རིམ་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་བསྐྱར་བཅོས་ཁྲིམས་འཆར་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུགས་པོ་གནང་བ་དང་སྦྲགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསེས་ ༣ དང་ ༦། དེ་བཞིན་དོན་ཚན་ ༦༤ ནང་གསེས་ ༡། དོན་ཚན་ ༧༢ ནང་གསེས་ ༡། དོན་ཚན་ ༧༦ ནང་གསེས་ ༢། དོན་ཚན་ ༧༨ ནང་གསེས་ ༢ (ཀ)། དོན་ཚན་ ༨༠ ནང་གསེས་ ༣། དོན་ཚན་ ༩༡ ནང་གསེས་ ༡ དང་ ༢། དོན་ཚན་ ༩༢ ནང་གསེས་ ༢། དོན་ཚན་ ༩༧ ནང་གསེས་ ༡ (ཀ)(ཁ) ནང་གསེས་ ༢ (ཀ)(ག)། དོན་ཚན་ ༩༩ ནང་གསེས་ ༡། དོན་ཚན་ ༡༠༡ ནང་གསེས་ ༢ དང་ནང་གསེས་ ༣། དོན་ཚན་ ༡༠༥ ནང་གསེས་ ༡ དང་ནང་གསེས་ ༣། དོན་ཚན་ ༡༠༧ ནང་གསེས་ ༡ (ཁ) དང་ནང་གསེས་ ༢། དོན་ཚན་ ༡༡༠ བཅས་ཀྱི་བསྐྱར་བཅོས་ཁྲིམས་འཆར་དང་བཟོ་བཅོས་ཁྲིམས་འཆར་རྣམས་བརྗོད་པ་གཉིས་པའི་ཐོག་གཏན་འབེབས་གྲུབ་སོང་།

དེ་རྗེས་མུ་མཐུད་ཁྲིམས་བཟོའི་ལས་དོན། བརྗོད་པ་གཉིས་པའི་ལས་རིམ་ཐོག་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི། བཙན་བྱོལ་བོད་མིའི་རྩིས་ཞིབ་ལས་ཁང་གི་སྒྲིག་གཞི། བོད་མི་མང་སྤྱི་འཐུས་རྣམས་ཀྱི་མཚན་དོད། ཉིན་རེའི་ལས་དོད། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། བཙན་བྱོལ་བོད་མིའི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པའི་ཕོགས་དང་། ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་རྣམས་ཀྱི་ལས་དོན་གཞུང་འབྲེལ་ངོས་བཞེས་བྱེད་ཕྱོགས་ཀྱི་སྒྲིག་གཞི་བཅས་ཀྱི་བསྐྱར་བཅོས་ཁྲིམས་འཆར་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུགས་པོ་གནང་བ་དང་།

བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་དོན་ཚན་ ༤༧ ནས་གསེས་ ༤ དང་། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ཕོགས་ཐོབ་དང་། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི་ཕུད་བསྐྱར་བཅོས་ཁྲིམས་འཆར་རྣམས་བརྗོད་པ་གཉིས་པའི་ཐོག་གཏན་འབེབས་གྲུབ་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་གྲོས་ཚོགས་ནས་ཆེད་འཛུགས་ཚོགས་ཆུང་ལ་གཏོང་རྒྱུ་གནང་སོང་།

མུ་མཐུད་ཁྲིམས་བཟོའི་ལས་དོན། བརྗོད་པ་དང་པོ་དང་གཉིས་པའི་ཐོག་དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་ཐོག་བསྐྱར་བཅོས་ཁྲིམས་འཆར་བཏོན་གནང་བར་དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་རྒྱབ་སྐྱོར་གནང་བ་དང་སྦྲགས་བརྗོད་པ་གཉིས་པའི་ཐོག་གཏན་འབེབས་གནང་སོང་།

དེ་རྗེས་དཔལ་ལྡན་དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ཁྱབ་ཁོངས་ལས་ཁུངས་ཁག་གི་རྩིས་ལོ་ ༢༠༠༢་་་་༢༠༠༣ ནས་ ༢༠༢༢་་་་༢༠༢༣ བར་གྱི་དཔལ་འབྱོར་གནས་བབ་སྙན་ཐོ་སྙན་སྒྲོན་གྲུབ་མཚམས། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་གིས་གོང་གི་སྙན་ཐོའི་ཐོག་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བ་དང་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་རྒྱབ་སྐྱོར་གནང་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ཁྱབ་ཁོངས་ལས་ཁུངས་ཁག་གི་འདས་པའི་ལོ་ངོ་ཉི་ཤུའི་དཔལ་འབྱོར་གནས་བབ་སྙན་ཐོ་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུགས་པོ་གནང་བ་དང་སྦྲགས་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་དགོངས་ཚུལ་དང་། དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་སོང་།

དེ་བཞིན་དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་འཁོད་བོད་རིགས་དཔྱ་དངུལ་ལོ་མང་འབུལ་ཆད་སོང་བ་དང་། གསར་བཟོ་མ་ཐུབ་པ་རྣམས་ལ་དཔྱ་དངུལ་འབུལ་ཆད་ཇི་ཡོད་ཀྱི་བརྒྱ་ཆ་ ༩༠ ཆག་ཡང་གི་དུས་ཚོད་ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༤  ཟླ་ ༣ ཚེས་ ༣༡ བར་ཚད་བཟུང་བྱས་པ་དེ་ཉིད་ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༣༠ བར་ཕར་འགྱངས་གཏོང་རྒྱུའི་གྲོས་ཆོད་བཏོན་གནང་བ་དང་། དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱབ་སྐྱོར་གནང་བ་སྦྲགས་བགྲོ་གླེང་གནང་རྗེས་གྲོས་ཚོགས་ནས་སྤྱི་མོས་ཀྱིས་གཏན་འབེབས་གནང་བ་བཅས།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བཅུ་པ།
སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བཅུ་པ།
སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བཅུ་པ།
སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བཅུ་པ།
སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བཅུ་པ།
སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བཅུ་པ།
སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བཅུ་པ།
སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བཅུ་པ།