སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་གཉིས་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༥ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ལྔ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་གཉིས་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་པས་གཙོ་བོ་བོད་ནང་རྒྱ་གཞུང་གིས་བོད་མིའི་རིགས་རྫས་བསྡུ་ལེན་ (DNA) དང་། བྱིས་པ་རྣམས་བཙན་ཁྲིད་ཀྱིས་རྒྱ་གཞུང་གིས་སྟངས་འཛིན་འོག་ཡོད་པའི་བཅའ་སྡོད་སློབ་གྲྭའི་ནང་སློབ་འཇུག་བྱེད་བཅུག་སྟེ། བོད་རིགས་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་ཀྱི་སྲིད་བྱུས་ངན་པ་བཟུང་བཞིན་ཡོད་པའི་སྐོར་སོགས་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་།  བཙན་བྱོལ་ནང་བོད་དོན་ཐོག་ནུས་པ་མཉམ་སྤུངས་གནང་དགོས་པ། བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སྲུང་སྐྱོབ་ཀྱི་ཐོག་བོད་མི་མི་རེ་ངོ་རེས་འགན་ཁུར་དགོས་པ། བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་དགོས་པའི་གལ་གནད། གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཆེད་བཙན་བྱོལ་ནང་བོད་དོན་དང་འབྲེལ་བའི་ལས་འགུལ་གང་སྤེལ་ཡང་བོད་མི་ཚང་མས་མཉམ་ཞུགས་གནང་ཐབས་དགོས་པ་དང་། གདུང་སེམས་མཉམ་བསྐྱེད་ཉིན་མོ་ལྟ་བུ་སྲུང་བརྩི་ཞུ་གལ། ཨ་རིའི་གྲོས་ཚོགས་ནང་ངོ་སྤྲོད་གནང་བའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་བཞིན་ཁྲིམས་སུ་བསྒྱུར་ཐབས་སླད་འགན་ཁུར་བཞེས་ཕྱོགས་སོགས་ཀྱི་ཐོག་དགོངས་ཚུལ་གསུངས་གནང་རྗེས། སྤྱི་མོས་ཐོག་གཏན་འབེབས་གནང་སོང་།

ཉིན་རྒྱབ་ཚོགས་ཐུན་བཞི་པར། དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་བཅས་སྙན་སྒྲོན་ཟིན་པའི་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་འགོ་འཛུགས་ཡོད་པ་བཅས། །