སྐབས་ ༡༨ པར་བདམས་ཐོན་སྤྱི་འཐུས་རྣམ་པས་ལས་ཁུར་དམ་འབུལ་ཞུས་པ།

༄༅། ། ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༣༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་བར་བརྒལ་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་དུ་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་དྲུང་དུ་ལས་ཁུར་དམ་བཅའ་འབུལ་བཞེས་གནང་བ་དང་། དེ་རྗེས་སྔ་དྲོ་ཆུ་ཚོད་ ༡༠།༠༠ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་བོད་མི་མང་སྤྱི་འཐུས་སྐབས་ ༡༨ པར་བདམས་ཐོན་སྤྱི་འཐུས་རྣམ་པས་རེ་རེ་བཞིན་བར་བརྒལ་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་གི་དྲུང་དུ་ལས་ཁུར་དམ་འབུལ་ཞུས་གནང་ཡོད།

སྐབས་དེར་བར་བརྒལ་ཚོགས་གཙོ་མཆོག་གིས་གསུངས་དོན། དཔལ་ལྡན་སྲིད་སྐྱོང་མཆོག་མི་མང་གིས་མང་མོས་ཚད་མཐོ་པོའི་ཐོག་ནས་ཐེངས་གཉིས་པར་སྲིད་སྐྱོང་དུ་བདམས་ཐོན་བྱུང་བ་དང་། ཕྱག་སྦྲེལ་སྤྱི་འཐུས་རྣམ་པ་ཚང་མ་ལོགས་སྐབས་བཅོ་བརྒྱད་པའི་སྤྱི་འཐུས་སུ་བདམས་ཐོན་བྱུང་བར་འཚམས་འདྲིའི་ཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་ནས་བཟུང་ལོ་ལྔའི་རིང་ང་ཚོ་ཚང་མས་གཙོ་བོ་དེ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་བསམས་པའི་ཐོག་ནས་མགོན་པོ་གང་ཉིད་ཀྱི་བཀའ་དགོངས་དང་ལམ་སྟོན་གཞིར་བཟུང་། གཙོ་བོ་གཞིས་ལུས་མི་མང་དང་། ཡང་སྒོས་སུ་མི་མང་གི་མངོན་འདོད་གཞིར་བཟུང་བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད་དུ་ཕྱག་ལས་གནང་དགོས་པ་དེ་ང་རང་ཚོ་ཚང་མའི་འགན་གཙོ་བོ་དེ་ཆགས་བསྡད་ཡོད་རེད། དེ་འདྲའི་ཐོག་ནས་ང་ཚོ་ཚང་མས་ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་ཕྱག་ལས་གནང་དགོས་པ་དེ་གལ་ཆེན་པོ་རེད།

རྩ་བའི་ནང་མི་གཅིག་ཡིན་ནའང་རེད། སྤྱི་ཚོགས་ཆེ་ཆུང་གང་འདྲ་ཞིག་ཡིན་ནའང་རེད། བསམ་ཚུལ་མཐུན་དང་མི་མཐུན་དེ་འདྲ་ཏན་ཏན་ཡོང་སྲིད་པ་རེད། ཡིན་ནའང་མཐའ་མའི་རྡོག་བསྒྲིལ་ས་དེ་རྩ་དོན་རང་གི་ཐོག་ལ་རྡོག་བསྒྲིལ་ནས་ཕྱག་ལས་གནང་ཐུབ་པ་ཡིན་ན། གཞིས་ལུས་མི་མང་གི་ད་བར་གྱི་ལྷག་བསམ་རི་བོ་ལྟར་མུ་མཐུད་གནས་ཐུབ་པ་དང་། བོད་ཀྱི་བདེན་མཐའ་གསལ་ཐུབ་པ། ལྷག་དོན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་མཐོན་པོར་ཕེབས་བསྡད་དུས། སྙན་སུན་མེད་པར་བོད་མི་མང་སྤྱི་འཐུས་ཚོས་མང་ཚོགས་ཀྱི་མངོན་འདོད་གཞིར་བཟུང་ཕྱག་ལས་གནང་སྟེ། ཐུགས་བདེ་པོའི་ངང་བཞུགས་ཐུབ་རྒྱུར་ཏན་ཏན་ང་ཚོས་ཞབས་འདེགས་ཆེན་པོ་འགྲུབ་རྒྱུ་ཡོད་རེད་བསམས་ཀྱི་འདུག དེ་འདྲའི་ཐོག་ནས་ལོ་ལྔའི་རིང་ང་ཚོ་ཚང་མས་སོ་སོའི་རང་ནུས་གང་ཐུབ་ཀྱི་ཐོག་ནས་བསྟན་སྲིད་དོན་དུ་ཞབས་ཕྱི་ཞུ་ཐུབ་རྒྱུར་རེ་བ་དང་། ཡིད་ཆེས། སྨོན་ལམ་རྒྱག་གི་ཡོད། ཐུགས་རྗེ་ཆེ། དམ་འབུལ་གྱི་ལས་རིམ་འདི་ནས་གྲུབ་པ་ཡིན་ཞེས་གསུངས་སོང་།

ད་ལྟའི་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཁྱོན་སྤྱི་འཐུས་གྲངས་ ༤༥ ཡོད་པ་དང་། དེ་ཡང་ཆོལ་ཁ་རེ་ནས་སྤྱི་འཐུས་བཅུ་རེ་དང་། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་སྤྱི་འཐུས་གཉིས་རེ། ལྷོ་བྱང་ཨ་རི་ཁུལ་ནས་སྤྱི་འཐུས་གཉིས། ཡུ་རོབ་དང་ཨ་ཕི་རི་ཀའི་ཁུལ་ནས་སྤྱི་འཐུས་གཉིས། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡའི་ཁུལ་ནས་སྤྱི་འཐུས་གཅིག་བཅས་ཡིན་ཞིང་། སྐབས་འདིར་སྤྱི་འཐུས་གསར་པ་གྲངས་ ༡༦ ཕེབས་ཡོད་པ་བཅས།