
༄༅། །སྐབས་རེའི་བོད་མི་མང་སྤྱི་འཐུས་གསར་དུ་ཕེབས་མཁན་རྣམ་པར་ཟབ་སྦྱོང་འབུལ་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ཀམ་པུ་ཊར་སྡེ་ཚན་གྱི་ཚོགས་ཁང་ནང་ཕྱི་ཚེས་ ༤ ནས་འགོ་འཛུགས་ཏེ་ཉིན་གྲངས་གསུམ་རིང་སྐབས་ ༡༨ པའི་གྲོས་ཚོགས་ནང་གསར་དུ་ཕེབས་པའི་སྤྱི་འཐུས་རྣམ་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ཁག་དང་སྲིད་བྱུས་སོགས་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ཀྱིས་སྐབས་ ༡༨ པའི་གྲོས་ཚོགས་ནང་གསར་དུ་ཕེབས་པའི་སྤྱི་འཐུས་རྣམ་པར་འཚམས་འདྲི་དང་སྦྲགས། ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་ཡོད་ཅིང་། སྔ་དྲོ་ཚོགས་ཐེངས་གཉིས་རིང་དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་ཚན་པའི་དྲུང་གཞོན་སྐལ་བཟང་སྲིད་ཆོས་ལགས་དང་། ལས་དོ་བཟོད་པ་རྒྱ་མཚོ་ལགས་རྣམ་གཉིས་ཀྱིས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་འཆར་འབུལ་གནང་ཕྱོགས་སྐོར་ལ་ཟབ་འཁྲིད་དང་།

ཉིན་རྒྱབ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་ཐེངས་གཉིས་རིང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སྐོར་ལ་ཟབ་འཁྲིད་གནང་བ་དང་། དེ་བཞིན་ཟབ་སྦྱོང་ནང་བཞུགས་མཁན་སྤྱི་འཐུས་རྣམ་པས་དོགས་འདྲི་ཕུལ་བ་ཁག་ལ་ཟབ་འཁྲིད་གནང་མཁན་རྣམས་ནས་ལན་འདེབས་གསལ་བཤད་གནང་འདུག

ཐེངས་འདིའི་ཟབ་སྦྱོང་ནང་གསར་དུ་ཕེབས་མཁན་སྤྱི་འཐུས་ཀོང་རྩ་ལྷ་མོ་ཚེ་རིང་མཆོག་དང་། སྤྱི་འཐུས་ལྷག་པ་ཚེ་རིང་མཆོག སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་མཆོག སྤྱི་འཐུས་བ་རི་ཟླ་བ་ཚེ་རིང་མཆོག སྤྱི་འཐུས་ངག་དབང་བློ་གྲོས་མཆོག སྤྱི་འཐུས་དཀོན་མཆོག་རིན་ཆེན་མཆོག སྤྱི་འཐུས་སངས་རྒྱས་རྡོ་རྗེ་མཆོག སྤྱི་འཐུས་བསྟན་འཛིན་དཔལ་མོ་མཆོག སྤྱི་འཐུས་ལྷ་རོང་མཆོག སྤྱི་འཐུས་ལྷ་མོ་སྐྱབས་མཆོག སྤྱི་འཐུས་ཨོ་རྒྱན་སྐྱབས་མཆོག སྤྱི་འཐུས་སྒོ་དྲུག་སྐལ་བཟང་ཕུན་ཚོགས་མཆོག སྤྱི་འཐུས་ཚེ་བརྟན་ཕུན་ཚོགས་མཆོག སྤྱི་འཐུས་བསྟན་འཛིན་དབྱངས་དཀར་མཆོག སྤྱི་འཐུས་སྐལ་བཟང་ཚེ་རིང་མཆོག་བཅས་མཉམ་ཞུགས་གནང་ཡོད་པ་དང་། དེ་ཉིན་སྔ་དྲོ་སྤྱི་འཐུས་རྒྱུན་ལས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་རྣམ་གཉིས་ཆེད་བཅར་གནང་འདུག

ཟབ་སྦྱོང་གི་ཉིན་གཉིས་པར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་དང། བོད་རྒྱ་འབྲེལ་མོལ་སྐོར་ལ་ཟབ་འཁྲིད་གནང་རྒྱུ་དང་། དེ་བཞིན་སྤྱི་འཐུས་རྣམ་པ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་གཟིགས་སྐོར་ཕེབས་རྒྱུ། ཉིན་མཐའ་མར་དཔལ་ལྡན་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་སྐོར་ལ་ཟབ་འཁྲིད་གནང་རྒྱུ་ཡིན་འདུག་པ་བཅས།
