སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདམས་ཐོན་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ཀྱིས་ལས་ཁུར་དམ་བཅའ་ཕུལ་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༡ རེས་གཟའ་ཟླ་བ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་མདུན་དུ་བདམས་ཐོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་དང་། བདམས་ཐོན་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་ལས་ཁུར་དམ་བཅའ་ཕུལ་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་། དཔལ་ལྡན་ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག དཔལ་ལྡན་ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་བཅས་བཞུགས་གྲལ་དུ་འཁོད་མཚམས་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་བཞི་གྲྭས་ཤིས་བརྗོད་གསུང་འདོན་གནང་བ་དང་། དེ་ནས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་དང་། རིམ་པས་བདམས་ཐོན་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་མདུན་དུ་ལས་ཁུར་དམ་འབུལ་ཞུས་རྗེས། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་མཆོག་ལ་རྟེན་འབྲེལ་མཚོན་བྱེད་མཇལ་དར་སྒྲོན་འབུལ་གནང་གྲུབ་མཚམས་དམ་འབུལ་མ་དེབ་ཏུ་མཚན་རྟགས་བཀོད་གནང་སོང་།

དེ་བཞིན་བདམས་ཐོན་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་མདུན་དུ་ལས་ཁུར་དམ་འབུལ་ཞུས་རྗེས། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དཔལ་ལྡན་སྤྱི་འཐུས་ཚོགས་གཞོན་མཆོག་ལ་རྟེན་འབྲེལ་མཚོན་བྱེད་མཇལ་དར་སྒྲོན་འབུལ་གནང་གྲུབ་མཚམས་དམ་འབུལ་མ་དེབ་ཏུ་མཚན་རྟགས་བཀོད་གནང་སོང་།

དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་མཛད་གཙོ་རྣམ་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་དོད་དང་མཇལ་དར་སྒྲོན་འབུལ་དང་འབྲེལ། ཚོགས་གཙོ་སྦྲེལ་པོ་མཆོག་ལ་འཚམས་འདྲིའི་མཇལ་དར་སྒྲོན་ཏེ་དམ་འབུལ་གྱི་མཛད་སྒོ་གྲོལ་གནང་ཡོད་པ་བཅས། །