༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༩ པའི་ཚེས་ ༡༠ ནས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༡༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་གཉིས་པ་ཚོགས་གནང་སོང་།

དེ་ཡང་སྔ་དྲོ་ཐོག་མར། ཡིག་ཆ་ཨང་ ༡༣ པ། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་སྙན་སྒྲོན་གནང་བ་དང་།

སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་རྒྱབ་སྐྱོར་གནང་རྗེས། སྤྱི་འཐུས་རྣམ་པས་བགྲོ་གླེང་དང་བཅས་དོན་ཚན་ལྔ་ཅན་གྱི་བཀའ་དྲིན་རྗེས་དྲན་གྱི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།

གྲོས་ཆོད་ནང་གཙོ་བོ། བོད་མིའི་ཆོས་ཚོགས་ཐེངས་ ༡༥ པ་བསྐྱངས་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་རྒྱུའི་ཞལ་བཞེས་བཟང་པོ་བཀའ་དྲིན་སྩལ་སྨིན་བྱུང་བར་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་། རྒྱ་ནག་གཞུང་ནས་ཆབ་སྲིད་ཀྱི་དགོས་དབང་གིས་ཐེ་བྱུས་བྱས་རིགས་བྱུང་ཚེ་ངོས་ལེན་ནམ་ཡང་མེད་པ། མགོན་པོ་གང་ཉིད་ནས་བོད་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་རིང་། གཞིས་བྱེས་ཆོལ་གསུམ་བོད་རིགས་ཡོངས་སུ་རྫོགས་པ་རྡོག་རྩ་གཅིག་སྒྲིལ་ངང་། བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་དང་གཡུང་དྲུང་བོན་དང་བཅས་པའི་ཆོས་ལུགས་ཁག་རིས་སུ་མ་མཆིས་པ་རྣམས་བཙན་བྱོལ་དུ་སླར་གསོ་ཐུབ་པ། བཙན་བྱོལ་ནང་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་དང་། ཉམས་པ་སླར་གསོ་ཞུ་ཐུབ་ཡོད་པ་མ་ཟད། དེ་དག་ལ་རྒྱལ་སྤྱིའི་ནང་དོ་སྣང་དང་ཆེ་མཐོང་སླེབས་ཐུབ་པ། བོད་བརྒྱུད་ནང་བསྟན་ལ་འཛམ་གླིང་ནང་དམིགས་བསལ་དགའ་གུས་དང་། དོ་སྣང་བྱེད་གཞི་ཞིག་ཏུ་གྱུར་ཐུབ་པ་བཅས་མགོན་པོ་གང་ཉིད་ཀྱི་མཛད་འཕྲིན་ཁོ་ན་ལས་བྱུང་བར་བརྟེན་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་། བཙན་བྱོལ་དུ་བཞུགས་རིང་བོད་ཀྱི་བདེན་པའི་འཐབ་རྩོད་འཚེ་མེད་ཞི་བའི་ལམ་ལ་བསྟེན་པ་དང་། འཛམ་གླིང་ཡུལ་གྲུར་བྱམས་དང་སྙིང་རྗེའི་ལམ་སྟོན། ཞི་བདེའི་སྣེ་འཁྲིད་མཛད་པ་སོགས་ལ་མིང་དོན་མཚུངས་པའི་བྱམས་བརྩེའི་བདག་ཉིད་དང་། ཞི་བདེའི་དེད་དཔོན་གྱི་མཚན་སྙན་ཡོངས་གྲགས་སུ་ཐོབ་པ་བྱུང་ཡོད་པ་དང་། མགོན་པོ་གང་ཉིད་ཀྱིས་ཐུགས་བསྐྱེད་དམ་བཅའ་བཞི་དངོས་སུ་ཕྱག་བསྟར་མཛད་བཞིན་པ་དེར་འཛམ་གླིང་ཡུལ་གྲུ་གང་ས་ནས་དགའ་མོས་དང་། རྒྱབ་སྐྱོར། ལག་བསྟར་ཞུ་བཞིན་ཡོད་པ་སོགས་ནི་ཆེས་བླ་ན་མེད་པའི་རླབས་ཆེན་གྱི་དགོངས་གཞི་ཞིག་ཏུ་གྱུར་ཡོད་པས་བཀའ་དྲིན་ཆེ་ཞུ་རྒྱུ་སོགས་འཁོད་འདུག

དེ་རྗེས་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་དཔལ་ལྡན་སྲིད་སྐྱོང་དང་། ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༤་་་༢༥ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་།

སྤྱི་འཐུས་རྒྱུན་ལས་ཀྱིས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༤་་་༢༥ ལོའི་ལོ་འཁོར་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་བློ་བཟང་ཐུབ་བསྟན་མཆོག་གིས་སྙན་སྒྲོན་གནང་རྗེས།

སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་གིས་རྒྱབ་སྐྱོར་གནང་བ་དང་སྦྲགས། ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་འགོ་བཙུགས་སོང་།

བགྲོ་གླེང་སྐབས། སྤྱི་འཐུས་རྣམ་པས་བོད་མིའི་སྒྲིག་འཛུགས་ཀྱི་རྗེས་འབྱོར་བའི་སྡོད་ཁང་གསར་རྒྱག་ལས་གཞིར་བསྔགས་བརྗོད་དང་། དགེ་འཕེལ་གླིང་གཞིས་ཆགས་ཀྱི་ས་ཆའི་དཀའ་ངལ། བཙན་བྱོལ་བོད་མིའི་མཐུན་འགྱུར་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཐོག་བསྐྱར་ཞིབ་གནང་མིན། ཉམ་ཐག་སྡེ་ཚན་དབྱེ་ཕྱོགས་སོགས་དང་འབྲེལ་བའི་ཐོག་དགོངས་ཚུལ་དང་། དོགས་འདྲི་གནང་བ་ཁག་ལ་དཔལ་ལྡན་སྲིད་སྐྱོང་དང་། ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་ཞིབ་ཕྲ་གནང་ཡོད་པ་བཅས།