སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་དྲུག་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༩ པའི་ཚེས་ ༡༠ ནས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་དྲུག་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་ཐོག་མར། བོད་ཀྱི་མངའ་ཁོངས་བདག་དབང་གི་གནས་སྟངས་དང་འབྲེལ་བའི་ཐོག་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་སྐར་རྟགས་ཅན་གྱི་དྲི་བ་ཞིག་བཏོན་པར། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་དང་། དེ་རྗེས་སྤྱི་འཐུས་རྣམ་པས་འཕྲོས་དོན་དྲི་བ་གནང་བ་ཁག་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

དེ་ཉིན་ལས་རིམ་གཉིས་པ། ཁྲིམས་བཟོའི་ལས་དོན། བརྗོད་པ་དང་པོ་དང་གཉིས་པ། ཡིག་ཆ་ཨང་། ༣༡ པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ། ཞེས་པའི་ནང་གསེས་ ༤ པའི་ཐོག་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་བཏོན་པ་དང་། དེར་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་གིས་རྒྱབ་སྐྱོར་གནང་སྟེ། རིམ་པས་བརྗོད་པ་དང་པོའི་ལས་རིམ་སྐབས་འཆར་ཟིན་གྱི་ཚིག་དོན་ལ་གསལ་བཤད་དང་། ཆ་རྐྱེན་སོ་སོའི་དགོས་པ་དང་དམིགས་ཡུལ་ཁྱབ་ཚད་བཅས་ཀྱི་སྐོར་འགྲེལ་བརྗོད་དགོས་རིགས་གནང་སྟེ་བརྗོད་པ་དང་པོ་ཟིན་རྗེས། བརྗོད་པ་གཉིས་པའི་ཐོག་ནས་བགྲོ་གླེང་དང་བཅས་སྤྱི་མོས་ཀྱིས་གཏན་འབེབས་དང་། དེ་བཞིན་ཡིག་ཆ་ཨང་། ༣༢ པ། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་གཉིས་པ་དང་། ལྔ་པའི་ ༤ དང་། ༥། བདུན་པའི་ ‘ཀ’ ཡི་ ༥ པ་གསར་འཇུག། ‘ང’ ཡི་ ༡ པོ། དགུ་པ། ཉེར་བཞི་པའི་ ‘ཀ’ ཡི་ནང་གསེས་ ༡། ༢། ༣། ཉེར་ལྔ་པའི་ ‘ཀ’ ཡི་ ༡། ༢། ༣། སོ་གསུམ་པའི་ ‘ཁ’ བཅས་ཀྱི་ཐོག་བསྐྱར་བཅོས་ཁྲིམས་འཆར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཏོན་པ་དང་། དེར་དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་རྒྱབ་སྐྱོར་གནང་སྟེ། རིམ་པས་བརྗོད་པ་དང་པོའི་ལས་རིམ་སྐབས་འཆར་ཟིན་གྱི་ཚིག་དོན་ལ་གསལ་བཤད་དང་། ཆ་རྐྱེན་སོ་སོའི་དགོས་པ་དང་དམིགས་ཡུལ་ཁྱབ་ཚད་བཅས་ཀྱི་སྐོར་འགྲེལ་བརྗོད་དགོས་རིགས་གནང་སྟེ་བརྗོད་པ་དང་པོ་ཟིན་རྗེས། བརྗོད་པ་གཉིས་པའི་ཐོག་ནས་བགྲོ་གླེང་དང་བཅས་སྤྱི་མོས་ཀྱིས་གཏན་འབེབས། ཡིག་ཆ་ཨང་། ༣༣ པ། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་དྲུག་པའི་ནང་གསེས་ ༤ དང་། ༥ དང་། བཅུ་པའི་ ‘ཁ’ ཡི་ནང་གསེས་ ༡ པོ་བཅས་ཀྱི་ཐོག་བསྐྱར་བཅོས་ཁྲིམས་འཆར་དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བཏོན་པ་དང་། དེར་དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། རིམ་པས་བརྗོད་པ་དང་པོའི་ལས་རིམ་སྐབས་འཆར་ཟིན་གྱི་ཚིག་དོན་ལ་གསལ་བཤད་དང་། ཆ་རྐྱེན་སོ་སོའི་དགོས་པ་དང་དམིགས་ཡུལ་ཁྱབ་ཚད་བཅས་ཀྱི་སྐོར་འགྲེལ་བརྗོད་དགོས་རིགས་གནང་སྟེ་བརྗོད་པ་དང་པོ་ཟིན་རྗེས། བརྗོད་པ་གཉིས་པའི་ཐོག་ནས་བགྲོ་གླེང་དང་བཅས་སྤྱི་མོས་ཀྱིས་གཏན་འབེབས། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་གནས་བབ་དང་འབྲེལ་ཁྲིམས་ཡིག་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་དྲུང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་གིས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་དང་། ཡིག་ཆ་ཨང་། ༣༤ པའི་ ‘ཁ’ བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་དྲུག་པའི་ནང་གསེས་ ༡ པོའི་ ‘ཀ’ དང་། ‘ཁ’ གསར་འཇུག ‘ག’ ‘ང’ ‘ཆ’ བཅས་ཀྱི་ཐོག་བསྐྱར་བཅོས་ཁྲིམས་འཆར་བཏོན་པ་དང་། སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་གིས་རྒྱབ་སྐྱོར་གནང་སྟེ། རིམ་པས་བརྗོད་པ་དང་པོའི་ལས་རིམ་སྐབས་འཆར་ཟིན་གྱི་ཚིག་དོན་ལ་གསལ་བཤད་དང་། ཆ་རྐྱེན་སོ་སོའི་དགོས་པ་དང་དམིགས་ཡུལ་ཁྱབ་ཚད་བཅས་ཀྱི་སྐོར་འགྲེལ་བརྗོད་དགོས་རིགས་གནང་སྟེ་བརྗོད་པ་དང་པོ་ཟིན་རྗེས། བརྗོད་པ་གཉིས་པའི་ཐོག་ནས་བགྲོ་གླེང་དང་བཅས་དོན་ཚན་དྲུག་པའི་ནང་གསེས་ ༡ པོའི་ ‘ཀ’ དང་། ‘ཁ’གསར་འཇུག ‘ག’ ‘ཆ’ བཅས་སྤྱི་མོས་ཀྱིས་གཏན་འབེབས་དང་། དོན་ཚན་ ‘ང’ ཡི་ཐོག་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་བཟོ་བཅོས་ཁྲིམས་འཆར་བཏོན་པར། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་རྒྱབ་སྐྱོར་གནང་རྗེས། བརྗོད་པ་དང་པོ་དང་། བརྗོད་པ་གཉིས་པའི་ཐོག་ནས་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།

སྔོན་རྩིས་སྒྲིག་གཞི་བསྐྱར་ཞིབ་ཆེད་བཙུགས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་གིས་ཚོགས་ཆུང་གི་ལས་བསྡོམས་སྙན་སྒྲོན་དང་། ཡིག་ཆ་ཨང་། ༣༥ པའི་ ‘ཁ’ བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི། དོན་ཚན་ལྔ་པ། ཕྱོགས་བསྡོམས་མ་དངུལ། (Consolidated Fund) ཞེས་པའི་དོན་ཚན་ ༣ པ་དང་། དོན་ཚན་བདུན་པ། ལོ་འཁོར་སྔོན་རྩིས། ཞེས་པའི་ནང་གསེས་ ༡ པོ་དང་། ༦། གསར་འཇུག་ནང་གསེས་ ༡༠ པ་དང་། ༡༡ པ། གསར་འཇུག་དོན་ཚན་བརྒྱད་པའི་ ‘ཀ’ འཕྲལ་སེལ་སྔོན་རྩིས། (Interim Budget) ཞེས་པའི་ནང་གསེས་ ༡ པོ་གསར་འཇུག དོན་ཚན་དགུ་པ། ཁ་བསྒྱུར། ཞེས་པའི་གསར་འཇུག་ནང་གསེས་ ༣ པ་བཅས་ཀྱི་ཐོག་བརྗོད་པ་དང་པོའི་ལས་རིམ་སྐབས་འཆར་ཟིན་གྱི་ཚིག་དོན་ལ་གསལ་བཤད་དང་། ཆ་རྐྱེན་སོ་སོའི་དགོས་པ་དང་དམིགས་ཡུལ་ཁྱབ་ཚད་བཅས་ཀྱི་སྐོར་འགྲེལ་བརྗོད་དགོས་རིགས་གནང་སྟེ་བརྗོད་པ་དང་པོ་ཟིན་རྗེས། བརྗོད་པ་གཉིས་པའི་སྐབས་བགྲོ་གླེང་གནང་རྗེས། སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱི་རྒྱབ་སྐྱོར་མ་ཐོབ་ཐབས་གཏན་འབེབས་གནང་ཐུབ་མེད།

ཡིག་ཆ་ཨང་ ༣༦ པ། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ཕོགས་ཐོབ་དང་། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་བཅུ་པའི་ནང་གསེས་ ༢ པ་དང་། དོན་ཚན་བཅུ་དྲུག་པའི་ཐོག་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་གིས་བཏོན་པ་དང་། དེར་སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་གིས་རྒྱབ་སྐྱོར་གནང་སྟེ། བརྗོད་པ་དང་པོའི་ལས་རིམ་སྐབས་འཆར་ཟིན་གྱི་ཚིག་དོན་ལ་གསལ་བཤད་དང་། ཆ་རྐྱེན་སོ་སོའི་དགོས་པ་དང་དམིགས་ཡུལ་ཁྱབ་ཚད་བཅས་ཀྱི་སྐོར་འགྲེལ་བརྗོད་དགོས་རིགས་གནང་སྟེ་བརྗོད་པ་དང་པོ་ཟིན་པ་དང་། དེ་ནས་བརྗོད་པ་གཉིས་པའི་སྐབས་བགྲོ་གླེང་གནང་རྗེས། སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱི་རྒྱབ་སྐྱོར་མ་ཐོབ་ཐབས་གཏན་འབེབས་གནང་ཐུབ་མེད།
ཡིག་ཆ་ཨང་། ༣༧ པ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བཀའ་བློན་རྣམ་པའི་ཕོགས་ཐོབ་དང་། ཟུར་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་བཅུ་པའི་ནང་གསེས་ ༢ པའི་ཐོག་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་སྤྱི་འཐུས་བློ་བཟང་ཐུབ་བསྟན་མཆོག་གིས་བཏོན་པར། སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་གིས་རྒྱབ་སྐྱོར་གནང་སྟེ། བརྗོད་པ་དང་པོའི་ལས་རིམ་སྐབས་འཆར་ཟིན་གྱི་ཚིག་དོན་ལ་གསལ་བཤད་དང་། ཆ་རྐྱེན་སོ་སོའི་དགོས་པ་དང་དམིགས་ཡུལ་ཁྱབ་ཚད་བཅས་ཀྱི་སྐོར་འགྲེལ་བརྗོད་དགོས་རིགས་གནང་སྟེ་བརྗོད་པ་དང་པོ་ཟིན་པ་དང་། དེ་ནས་བརྗོད་པ་གཉིས་པའི་སྐབས་བགྲོ་གླེང་གནང་རྗེས། སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱི་རྒྱབ་སྐྱོར་མ་ཐོབ་ཐབས་གཏན་འབེབས་གནང་ཐུབ་མེད།

ཡིག་ཆ་ཨང་། ༣༨ པ། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ཕོགས་དང་། ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་བཅུ་དྲུག་པའི་ཐོག་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་གིས་བཏོན་པར། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་རྒྱབ་སྐྱོར་གནང་སྟེ། བརྗོད་པ་དང་པོའི་ལས་རིམ་སྐབས་འཆར་ཟིན་གྱི་ཚིག་དོན་ལ་གསལ་བཤད་དང་། ཆ་རྐྱེན་སོ་སོའི་དགོས་པ་དང་དམིགས་ཡུལ་ཁྱབ་ཚད་བཅས་ཀྱི་སྐོར་འགྲེལ་བརྗོད་དགོས་རིགས་གནང་སྟེ་བརྗོད་པ་དང་པོ་ཟིན་པ་དང་། དེ་ནས་བརྗོད་པ་གཉིས་པའི་སྐབས་བགྲོ་གླེང་གནང་རྗེས། སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱི་རྒྱབ་སྐྱོར་མ་ཐོབ་ཐབས་གཏན་འབེབས་གནང་ཐུབ་མེད།

ཡིག་ཆ་ཨང་། ༣༩ པ། འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོའི་ཕོགས་དང་། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་བཅུ་དྲུག་པའི་ཐོག་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་གིས་བཏོན་པར། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་རྒྱབ་སྐྱོར་གནང་སྟེ། བརྗོད་པ་དང་པོའི་ལས་རིམ་སྐབས་འཆར་ཟིན་གྱི་ཚིག་དོན་ལ་གསལ་བཤད་དང་། ཆ་རྐྱེན་སོ་སོའི་དགོས་པ་དང་དམིགས་ཡུལ་ཁྱབ་ཚད་བཅས་ཀྱི་སྐོར་འགྲེལ་བརྗོད་དགོས་རིགས་གནང་སྟེ་བརྗོད་པ་དང་པོ་ཟིན་པ་དང་། དེ་ནས་བརྗོད་པ་གཉིས་པའི་སྐབས་བགྲོ་གླེང་གནང་རྗེས། སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱི་རྒྱབ་སྐྱོར་མ་ཐོབ་ཐབས་གཏན་འབེབས་གནང་ཐུབ་མེད།

ཡིག་ཆ་ཨང་། ༤༠ པ། བཙན་བྱོལ་བོད་མིའི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པའི་ཕོགས་དང་། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་བཅུ་དྲུག་པའི་ཐོག་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་གིས་བཏོན་པར། སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་གིས་རྒྱབ་སྐྱོར་གནང་སྟེ། བརྗོད་པ་དང་པོའི་ལས་རིམ་སྐབས་འཆར་ཟིན་གྱི་ཚིག་དོན་ལ་གསལ་བཤད་དང་། ཆ་རྐྱེན་སོ་སོའི་དགོས་པ་དང་དམིགས་ཡུལ་ཁྱབ་ཚད་བཅས་ཀྱི་སྐོར་འགྲེལ་བརྗོད་དགོས་རིགས་གནང་སྟེ་བརྗོད་པ་དང་པོ་ཟིན་པ་དང་། དེ་ནས་བརྗོད་པ་གཉིས་པའི་སྐབས་བགྲོ་གླེང་གནང་རྗེས། སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱི་རྒྱབ་སྐྱོར་མ་ཐོབ་ཐབས་གཏན་འབེབས་གནང་ཐུབ་མེད། ཡིག་ཆ་ཨང་། ༤༡ པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལེའུ་བཅུ་བདུན་པའི་དོན་ཚན་དོན་ལྔ་པ་དང་། དོན་དྲུག་པ་བཅས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་གྲང་སངས་བཏང་སོང་།

དེ་རྗེས། བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༤་་་༢༥ ལོའི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་པས། ༧རྒྱལ་བའི་སྐུའི་སྲུང་བྱའི་གལ་གནད་དང་། ཕྱི་བསྐྱོད་ལག་དེབ་སེར་པོ་བརྒྱུད་ཕྱི་རྒྱལ་ནང་འགྲུལ་བཞུད་བྱ་རྒྱུའི་དཀའ་ངལ་སེལ་ཐབས། ཕྱིར་ཐོན་ཆོག་མཆན་ (Exit Permit) དང། ཕྱིར་ལོག་ཐོངས་མཆན་ (Return Visa) ཞུ་རྒྱུའི་དཀའ་ངལ་སྐོར། ཆབ་སྲིད་བཙོན་ཟུར་འབྲེལ་ཡོད་འབྲེལ་ཆགས་ངོས་འཛིན་བྱེད་ཕྱོགས་སོགས་ཀྱི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བ་རྣམས་ལ་དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས།